Tibetan Royal Year of 2151 | Year of the Wood Dragon

༸གོང་ས་༸མཆོག་གིས་ཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༣༥ འཁོར་བའི་དུས་དྲན་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་འདུག

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

གཟའ་འཁོར་སྔོན་མའི་རེས་གཟའ་སྤེན་པ་སྤྱི་ཚེས་ ༨ ཉིན་ Tibet Initiative Deutschland   ཞེས་པའི་ཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༣༥ འཁོར་བའི་དུས་དྲན་གྱི་མཛད་སྒོ་དང་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་པའི་ཚོགས་མི་ཡོངས་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བཀའ་དྲིན་སྩལ་འདུག

Tibet Initiative Deutschland
པར་དབང་། ཚ་ཁོ་ཐུབ་བསྟན རྒྱ་མཚོ། ངོ་དེབ།

དེ་ཡང་དུས་དྲན་གྱི་མཛད་སྒོའི་ཐོག་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་འདུག་པ་དང་། གསུང་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་ཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཚོགས་མི་ཡོངས་ལ་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༣༥ འཁོར་བའི་དུས་དྲན་ལ་མཚམས་འདྲི་མཛད་པ་དང་སྦྲགས།

Tibet Initiative Deutschland
པར་དབང་། ཚ་ཁོ་ཐུབ་བསྟན་རྒྱ་མཚོ།

ཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ད་བར་བོད་ཀྱི་གནད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་དང་དྲིལ་བསྒྲགས་གནང་རྒྱུའི་ཐད་རྒྱབ་སྐྱོར་མཐུན་འགྱུར་གནང་བར་ཡི་རང་བསྔགས་བརྗོད་མཛད་གནང་འདུག་པ་མ་ཟད་མགོན་པོ་༸གང་ཉིད་ནས་བོད་ཀྱི་གནད་དོན་དེ་ཉིད་རྒྱ་ཆེ་བའི་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཀྱི་ངོས་ནས་གཟིགས་ཀྱི་ཡོད་པ་དང་། བོད་ཀྱི་དཀའ་རྙོག་དེ་ཆབ་སྲིད་གནད་དོན་གཅིག་པོ་མིན་པར་གནའ་རབས་རྒྱ་གར་གྱི་དཔལ་ནཱ་ལནྡཱ་བརྒྱུད་ནས་བོད་ནང་དར་བའི་སྙིང་རྗེ་དང་འཚེ་བ་མེད་པའི་རིག་གཞུང་སྲུང་སྐྱོབ་ཀྱི་གནད་དོན་ཡང་ཡིན་པའི་བཀའ་སྩལ་བ་དང་འབྲེལ། མདོར་བསྡུས་ན། བྱམས་སྙིང་རྗེ་གོང་འཕེལ་བརྒྱུད་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སོགས་ཀྱི་གནད་དོན་ཡིན་པར། མགོན་པོ་༸གང་ཉིད་ཀྱི་ངོས་ནས་སྙིང་རྗེ་དང་འཚེ་བ་མེད་པའི་རིག་གཞུང་དེས་འཛམ་གླིང་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་ཐད་ཞབས་འདེགས་རླབས་ཆེན་བསྒྲུབ་ཐུབ་པའི་ཡིད་ཆེས་ཡོད་པས་དེ་དག་གཅེས་སྲུང་གནང་དགོས་གལ་ཡིན་པའི་བཀའ་མཛད་གནང་འདུག

Tibet Initiative Deutschland
པར་དབང་། ཚ་ཁོ་ཐུབ་བསྟན་རྒྱ་མཚོ།

ཕྱོགས་མཚུངས་མགོན་པོ་༸གང་ཉིད་མཆོག་ནས་སྐུ་ཚེ་ཧྲིལ་པོར་འགྲོ་བ་མིའི་བྱམས་བརྩེའི་རིན་ཐང་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན། དེ་བཞིན་གནའ་བོའི་རྒྱ་གར་གྱི་ཁྱད་དུ་འཕགས་པའི་བྱམས་སྙིང་རྗེའི་ལེགས་སྦྱང་གོང་འཕེལ་སོགས་ཐུགས་སྐྱེད་དམ་བཅའ་མཛད་གནང་ཡོད་པ་བསྐྱར་ནན་མཛད་པ་དང་སྦྲགས། ཚོགས་པའི་ངོས་ནས་བོད་དོན་ཐད་གཟེངས་སུ་ཐོན་པའི་ཞབས་འདེགས་བསྒྲུབས་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཆེད་དུ་ཐེ་ཚོམ་མེད་པར་རྒྱབ་སྐྱོར་གནང་ཡོད་པ་ལ་རྗེས་སུ་ཡི་རངས་དང་འབྲེལ། ཚོགས་མི་ཡོངས་ནས་བོད་མིའི་ཆེ་མཐོང་དང་རང་དབང་སླར་གསོ་དེ་བཞིན་འཛམ་བུ་གླིང་དེ་ཉིད་ཞི་བདེ་ལྡན་པ་བསྐྲུན་ཆེད་ཀྱི་ཐད་མུ་མཐུད་ཞབས་འདེགས་མཐུན་འགྱུར་གནང་བར་ཐུགས་རྗེ་ལེགས་གསོལ་མཛད་གནང་འདུག

Tibet Initiative Deutschland
པར་དབང་། ཚ་ཁོ་ཐུབ་བསྟན་རྒྱ་མཚོ།

རྩ་བའི་དུས་དྲན་གྱི་མཛད་སྒོའི་ཐོག་ཇར་མ་ནིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ Michael Brand ལགས་གཙོས་པའི་བོད་མི་མང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས། ཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Wolfgang ལགས། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས། ཐའི་ཝན་གྱི་སྐུ་ཚབ་ Shieh ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ Kai Muller ལགས། ཇར་མ་ནིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་གཞན་ཚོགས་པ་ཁག་གཅིག་གི་སྐུ་ཚབ་སོགས་ནས་མཉམ་ཞུགས་གནང་ཡོད་པ་རེད།

Tibet Initiative Deutschland
པར་དབང་། ཚ་ཁོ་ཐུབ་བསྟན་རྒྱ་མཚོ།

གཞི་རྩའི་ཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཉིད་ཐོག་མར་ཕྱི་ལོ་ ༡༩༨༩ ལོར་བོད་མིའི་རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་གྱིས་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། རྒྱལ་ས་ Bonn ནང་རྟེན་གཞི་བྱས་པའི་ཚོགས་པའི་ལས་ཁུངས་དེ་ཉིད་ཕྱི་ལོ་ ༡༩༩༥ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀྲིན་མཛད་གནང་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།