Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་དགོངས་གཞིའི་འོག་ཨ་རིའི་གྲོང་ཁྱེར་ཆེ་ཁག་བྱམས་བརྩེ་ཅན་གྱི་གྲོང་ཁྱེར་བསྐྲུན་ཐབས།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཨ་རིའི་ Kentucky མངའ་སྡེའི་གྲོང་སྡེ་ཆེ་གྲས་ Louisville སྤྱི་ཁྱབ་སྐུ་ཞབས་ Greg Fischer ལགས་ཀྱིས་སྣེ་ཁྲིད་པའི་གྲོང་སྡེ་ཆེ་ཁག་བདུན་གྱི་སྤྱི་ཁྱབ་པས་ཟླ་བ་འདིའི་ཚེས་ ༥ ཉིན་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་ཡོད་པ་རེད། སྐུ་ཞབས་ Fischer ལགས་ཀྱིས་དབུས་པའི་ཨ་རིའི་གྲོང་ཁྱེར་ཆེ་ཁག་བདུན་གྱི་སྤྱི་ཁྱབ་པའི་རུ་ཁག་ནང་། Ohio མངའ་སྡེའི་གྲོང་ཁྱེར་ Cincinnati དང་། Washington མངའ་སྡེའི་ Tacoma དང་།    California མངའ་སྡེའི་ Oakland དང་། San Leandro དེ་བཞིན་ Texas མངའ་སྡེའི་ San Antonio དེ་བཞིན་  Pennsylvania མངའ་སྡེའི་ Pittsburgh གྲོང་ཁྱེར་དང་། Kentucky མངའ་སྡེའི་ Louisville གྲོང་ཁྱེར་བཅས་ཀྱི་སྤྱི་ཁྱབ་ཡོད་པ་རེད། སྤྱི་ཁྱབ་པ་དེ་དག་ཚང་མས་སོ་སོའི་གྲོང་ཁྱེར་ནང་གི་ལས་གཞི་ཆེ་གྲས་མང་དག་ཅིག་ཡོད་པའི་ཁྲོད་གཅིག་འགྱུར་ཐོག་ནས་ཐུགས་སྣང་ཆེན་པོ་གནང་ཡུལ་ཞིག་ནི་བྱམས་བརྩེ་དང་འབྲེལ་བའི་ལས་གཞི་ཆགས་ཀྱི་ཡོད་པ་རེད།སྐུ་ཞབས་ Greg Fischer ལགས་དང་ཐོག་ཕྱི་ལོ་ ༢༠༡༡ ལོར་གྲོང་སྡེའི་སྤྱི་ཁྱབ་པར་བཞེངས་སྐབས་ Louisville གྲོང་སྡེ་དེ་འཕྲོད་བསྟེན་དང་ཉེན་སྲུང་མ་འཇོག་གི་སྒོ་ནས་བྱམས་བརྩེ་ཅན་གྱི་གྲོང་སྡེའི་ངོ་བོར་བསྒྱུར་རྒྱུའི་དགོངས་པ་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༡༣ ལོར་༸དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་བྱང་ཨ་རི་ཁུལ་གྱི་ཆོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་གདན་འདྲེན་ཞུས་སྐབས་སྤྱི་ཁྱབ་པས་ཐེངས་དང་པོ་མགོན་པོ་༸གང་ཉིད་མཆོག་དང་དངོས་སུ་མཇལ་མོལ་བྱུང་ནས་སྔར་ཡོད་དགོངས་པ་དེ་གཏིང་ཟབ་ཏུ་ཕྱིན་ཡོད་པ་རེད་འདུགཨ་རིའི་ Louisville གྲོང་སྡེ་ནང་མི་མང་འདུ་འཛོམས་ཆེས་མང་ཤོས་དེ་སྐབས་གཉིས་ལ་བྱུང་ཡོད་པའི་གསུང་རྒྱུན་གྱི་ཁྲོད་ནས་གཅིག་ནི་ཕྱི་ལོ་ ༢༠༡༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་སྐབས་ཡིན་པར་གྲོང་སྡེའི་ལོ་རྒྱུས་ཀྱི་ཕྱག་དེབ་ནང་གསལ་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་མི་མང་ཆིག་ཁྲི་བདུན་སྟོང་ལྷག་ལ་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་ཡོད་པ་རེད།

ཐེངས་འདིའི་གྲོང་ཁྱེར་སྤྱི་ཁྱབ་པའི་རུ་ཁག་ཁོངས་སུ་ཡོད་པ་ San Antonio གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Nirenberg ལགས་ལ་མཚོན་ན། ཕྱི་ལོ་ ༢༠༡༧ ལོར་སྤྱི་ཁྱབ་པའི་ལས་གནས་བཞེས་སྐབས་གྲོང་ཁྱེར་དེ་བྱམས་བརྩེ་ཅན་དུ་བསྒྱུར་རྒྱུའི་གསལ་བསྒྲགས་གནང་བ་དང་འབྲེལ་ཏེ་ས་གནས་ཀྱི་མང་ཚོགས་ཁྲོད་བྱམས་བརྩེ་གོང་འཕེལ་གྱི་ལས་གཞི་དབུ་འཛུགས་གནང་བར་མ་ཟད་ཤེས་ཡོན་སྡེ་ཁག་ཏུ་བྱམས་བརྩེའི་བསླབ་གཞི་གསར་འཇུག་གནང་ཡོད།དེ་བཞིན་ Tacoma ལྟ་བུར་མཚོན་ན། ཕྱི་ལོ་ ༢༠༢༠ ལོ་ནས་བྱམས་བརྩེ་ཅན་གྱི་གྲོང་ཁྱེར་ལ་བསྒྱུར་ཏེ་ས་གནས་ཀྱི་མང་ཚོགས་ཁྲོད་བྱམས་བརྩེ་ལག་བསྟར་གྱི་ལས་གཞི་སྤེལ་དགོས་པའི་སྐུལ་མ་དང་འབྲེལ། དེ་ལྟ་བུའི་ལས་གཞི་སྤེལ་མཁན་རྣམས་ལ་ཆེ་བསྟོད་སོགས་གནང་ཡོད།

ལྷག་པར་ Louisville གྲོང་ཁྱེར་ནི་ཕྱི་ལོ་ ༢༠༡༡ ཙམ་ནས་དེ་ལྟ་བུའི་ལས་གཞི་དབུ་འཛུགས་གནང་ཡོད་པ་ལྟར་ད་ཆ་གྲོང་ཁྱེར་དེ་རྒྱལ་སྤྱིའི་མིག་དཔེ་ལྟ་ཡུལ་གྱི་གྲོང་ཁྱེར་གཙོ་གྲས་དང་། སྤྱི་ཁྱབ་པ་སྐུ་ཞབས་ Greg Fischer ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞིའི་འོག་ནས་ས་གནས་སུ་བྱམས་བརྩེ་གོང་འཕེལ་གྱི་ལས་གཞི་སྣ་མང་སྤེལ་དང་སྤེལ་མུས་ཐོག་ཝར་ཇི་ནིཡ་གཙུག་ལག་སློབ་གཉེར་ཁང་དང་མཉམ་འབྲེལ་ཐོག་ནས་གཞི་རིམ་སློབ་གྲྭ་ཉི་ཤུ་ལྷག་གི་ནང་བྱམས་བརྩེ་ལག་བསྟར་གནང་རྒྱུའི་བསླབ་གཞིའི་ཕྱག་དེབ་བརྩམས་ཡོད་པ་མ་ཟད། ཚན་རིག་པས་བརྟག་འབྲས་སུ་བྱམས་བརྩེ་སློབ་ཁྲིད་དངོས་སུ་གནང་བ་དང་སློབ་ཁྲིད་མ་གནང་བའི་དབར་སློབ་མ་ཚོའི་ནང་བསམ་བློའི་ཁྱེར་སོ་ལ་ཁྱད་པར་ཆེན་པོ་ཡོད་པའི་ དངོས་ར་གསལ་འཕྲོད་བྱུང་ཡོད་པར་གསུངས་སོང་།གཞི་རྩའི་ཐེངས་འདིའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཐོག་སྐུ་ཞབས་ Greg Fischer ལགས་ཀྱིས་དབུས་པའི་གྲོང་སྡེའི་སྤྱི་ཁྱབ་ཁག་གཅིག་བཞུགས་སྒར་དུ་ཆེད་ཕེབས་གནང་བ་ནི་གནས་ཡུལ་རྒྱལ་ཁབ་དང་སྒོས་གྲོང་སྡེ་དེ་དག་སོ་སོའི་ནང་བྱམས་བརྩེ་གོང་སྤེལ་གནང་རྒྱུར་དམིགས་ཏེ་ཕེབས་པ་ཞིག་ཡིན་པར་མ་ཟད། ཆེད་ཕེབས་གནང་བའི་སྤྱི་ཁྱབ་པ་དེ་དག་གི་ཁོངས་སུ་ལོ་ན་ཆུང་ཤོས་ཡིན་པ་བོད་རིགས་ཨ་རི་བ་སྐུ་ཞབས་  Aftab Pureval ལགས་ཀྱིས་དབུས་པའི་སྤྱི་ཁྱབ་པ་གཞན་ཚང་མའི་དགོངས་པར་ཕྱིར་རང་གནས་སུ་ཕེབས་རྗེས་བྱམས་བརྩེའི་ཐོག་ནས་ཕྱག་ལས་གནང་ཐུབ་པར་ཐུགས་རེ་ཆེན་པོ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།