Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་བཀའ་དྲིན་དྲན་པའི་ཐོག་བོད་དོན་བདེན་པའི་འཐབ་རྩོད་བཅས་ལ་ནུས་པ་གང་ཡོད་འདོན་ཐབས་ཞུ་དགོས་ཞེས་གསུངས་སོང་།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༦ ཉིན་སྐུའི་འཁྲུངས་སྐར་གྱི་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་གཟབ་རྒྱས་ཐོག བཀའ་སྤྱི་གཉིས་ནས་༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་དང་། མགོན་པོ་གང་ཉིད་ཀྱི་རླབས་ཆེན་མཛད་རྗེས་ལ་ཆེ་བསྟོད་ཞུས་པ་མ་ཟད། བོད་མི་མང་ཚོགས་ནས་༸གང་ཉིད་ཀྱི་བཀའ་དྲིན་དྲན་པའི་ཐོག་བོད་དོན་བདེན་པའི་འཐབ་རྩོད་ཐད་ནུས་པ་གང་ཡོད་འདོན་དགོས་པའི་ཞུ་སྐུལ་གནང་སོང་།

Photo: Tibet.net

དེ་ཡང་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ བདག་གིར་བཞེས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚིགས་དེའི་ཐོག སྐུ་མགྲོན་གཙོ་བོར་འབྲས་ལྗོངས་མངའ་སྡའི་སྤྱི་ཁྱབ་བློན་ཆེན་ Prem Singh Tamang མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་ Tapir Gao ལགས། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ Mingma Norbu Sherpa ལགས། དེ་བཞིན་ཁེ་ན་ཌ་ཨོན་ཊེ་རིཡོ་མངའ་སྡེའི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་བུ་འཁྲིད་དཀར་པོ་ཆེ་ལགས། འབྲས་ལྗོངས་མངའ་སྡེའི་བློན་ཆེན་དང་གྲོས་ཚོགས་འཐུས་མི་ཁག་གཅིག སུད་སི་ Oetwill am See གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གཙོས་ཕྱི་ནང་མི་མང་བརྒྱ་ཕྲག་མང་པོ་ནས་ལྷན་ཞུགས་གནང་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་དེར་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ཁྲོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་འགན་གཙོ་བོ་བཞི་ལས་དང་པོ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སམ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་དང་འབྲེལ་བའི་མཛད་རྗེས་ཞིབ་ཕྲ་ངོ་སྤྲོད་དང་འབྲེལ། མགོན་པོ་༸གང་ཉིད་ཀྱིས་དེ་འབྲེལ་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་སྐུན་པའི་རླབས་ཆེན་གྱི་མཛད་རྗེས་སྐྱོང་བཞིན་པར་མི་རེ་ངོས་རེ་ནས་བྱམས་བརྩེའི་ཉམས་ལེན་གནང་བའི་དུས་ཚེས་ཤིག་ཡིན་པར་དྲན་སྐུལ་གནང་སྟེ་བཀའ་ཤག་ངོས་ནས་ལོ་རྗེས་མར་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དེ་བཞིན་ལོ་ཧྲིལ་པོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་གསུངས་སོང་།

Trungkar 2024

ལྷག་པར་དུ་ཉེ་སྔོན་ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱུང་བ་ལྟར། རང་དབང་མང་གཙོའི་རྒྱལ་ཁབ་གཞན་གྱི་ནང་དུའང་ཁྲིམས་ཡིག་འདི་དང་རྗེས་སུ་མཐུན་པའི་སྲིད་བྱུས་གཏན་འབེབས་གནང་ཐབས་འབད་བརྩོན་ཞུ་རྒྱུ་ཡིན་པར་བརྟེན། བོད་དོན་རྒྱབ་སྐྱོར་བ་ཐམས་ཅད་ཀྱིས་ཕྱར་གྲུ་མཉམ་འདེགས་ཡོང་བའི་འབོད་སྐུལ་ཞུས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་སྐབས་དེར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས་ངོ་སྤྲོད་དང་སྦྲགས། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་རྗེས་སུ་དྲན་ཞིང་། བླང་དོར་ལམ་སྟོན་མཛད་པ་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ལེན་ཞུ་རྒྱུ་ཙམ་མ་ཟད། བཀའ་སློབ་ལམ་སྟོན་བཞིན་སྙིང་སྟོབས་བསྐྱེད་དེ་ནུས་པ་མཉམ་སྤུངས་ཀྱིས་ཆིག་སྒྲིལ་ངང་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག བོད་དོན་བདེན་པའི་འཐབ་རྩོད་བཅས་ལ་ནུས་པ་གང་ཡོད་འདོན་ཐབས་ཞུ་དགོས་ཞེས་སྐུལ་འདེབས་གནང་སོང་། དེ་བཞིན་འདི་ལོར་བོད་ལུགས་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ཕེབས་ཀྱི་ཡོད་པ་དང་། ལོ་རྗེས་མ་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་ཀྱི་ཡོད་སྟབས་སྐབས་དེར་བོད་མིའི་སྒྲིག་འཛུགས་ཙམ་མིན་པར་ཚོགས་སྒེར་ཡོངས་ནས་ཀྱང་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་གོ་སྟོན་སྐབས་ལས་འཆར་ཆེ་ཕྲ་སྣ་ཚོགས་སྤེལ་ཐུབ་པའི་འབོད་སྐུལ་ཞུས་སོང་།

Trungkar 2024

དེ་རིང་གི་མཛད་སྒོའི་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Prem Singh Tamang མཆོག་གིས་གསུང་བཤད་ནང་། འབྲས་ལྗོངས་དང་ནང་ཆོས་བར་འབྲེལ་བའི་ལོ་རྒྱུས་དང་། ཕྱི་ལོ་ ༡༩༥༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༢༡ སོན་པའི་སྐབས་འབྲས་ལྗོངས་ནང་ཞབས་སོར་བདེ་བར་འཁོད་ཡོད་པའི་ལོ་རྒྱུས་ཁག་དྲན་གསོ་དང་འབྲེལ། ད་དུང་མུ་མཐུད་འབྲས་ལྗོངས་མི་མང་ལ་ཐུགས་ཀྱི་བྱིན་རླབས་སྩལ་སྐྱོང་ཡོང་བའི་གསོལ་འདེབས་ཙམ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་བྱམས་བརྩེའི་ཐོག་གི་བཀའ་སློབ་ལམ་སྟོན་དེ་དག་དེང་གི་དུས་སུའང་འཛམ་གླིང་ཀུན་ལ་རན་པོ་ཞིག་ཆགས་ཀྱི་ཡོད་པ་དུས་རྟག་ཏུ་བཀའ་སློབ་ཀྱི་རྗེས་སུ་བཟུང་རྒྱུ་ཡིན་པ་སོགས་གསུངས་ཏེ། ༸གོང་ས་མཆོག་སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞེས་གསུངས་སོང་།

དེ་བཞིན་ཁེ་ན་ཌ་ཨོན་ཊེ་རི་ཡོ་མངའ་སྡེའི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་བུ་འཁྲིད་ལགས་དཀར་པོ་ཆེ་ལགས་ཀྱིས། ༸གོང་ས་མཆོག་ནི་བོད་པ་ཙམ་མིན་པ་འཛམ་གླིང་ཀུན་ལ་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད། འཛམ་བུ་གླིང་གི་དབུ་ཁྲིད་རྣམས་མགོན་པོ་༸གང་ཉིད་མཆོག་ལ་མིག་ལྟོས་བྱེད་ཀྱི་ཡོད་ཅེས་དང་། ༸སྐུའི་འཁྲུངས་སྐར་གྱི་ལེགས་སྐྱེས་ཡག་ཤོག་དེ་ཐུགས་བསྐྱེད་དམ་བཅའ་བཞི་ཉམས་བཞེས་བྱ་རྒྱུ་དེ་ཡིན་པ་སོགས་གསུངས་སོང་ལ། སུད་སི་ Oetwill am See གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས་ཀྱིས་༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་དང་མགོན་པོ་གང་ཉིད་མཚོག་སྐུ་ཚེ་སྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས་སོང།

Trungkar 2024

མ་ཟད་དེ་རིང་གི་མཛད་སྒོའི་ཐོག་རྒྱ་གར་གཙོས་རྒྱལ་སྤྱིའི་ས་གནས་གང་ས་ནས་གཞོན་སྐྱེས་མང་དག་ཞིག་ཆེད་ཕེབས་གནང་ཡོད་པ་ལྟར། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པའི་ནང་མཉམ་ཞུགས་གནང་མཁན་གྱི་ཚོགས་བཅར་བའི་སྐུ་ཚབ་གཉིས་ནས་ཚོར་ཤུགས་ཆེན་པོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་དང་འབྲེལ། བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་གནང་དགོས་གལ་མ་ཟད། གཞོན་སྐྱེས་རྣམས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་རྗེས་སུ་དྲན་པའི་ཐོག་འཛམ་གླིང་ཞི་བདེ་དང་བོད་དོན་འཐབ་རྩོད་ཐད་འགན་འཁྱེར་རྒྱུའི་དུས་ལ་འབབ་ཡོད་པའི་བརྡ་ལན་གནང་སོང་།

དེ་རིང་གི་མཛད་སྒོའི་ཐོག་བོད་ཀྱི་ཟློ་གར་ཚོགས་པ་གཙོས་པའི་རྡ་ས་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་གི་སློབ་མ་དང་ཚོགས་སྒེར་ཁག་གཅིག་ནས་གཞས་སྣ་གཟིགས་འབུལ་ཞུས་པའི་སྒོ་ནས་སྐུའི་འཁྲུངས་སྐར་ལ་བསུ་བ་ཞུས་པ་མ་ཟད། ཐེངས་འདིའི་དུས་ཚིགས་དང་བསྟུན་འཕགས་བོད་གཉིས་ཀྱི་གནའ་བོའི་བླ་སློབ་དང་དེང་གི་མཛའ་བརྩེའི་འབྲེལ་ལམ་ཞེས་པའི་དཔེ་དེབ་དང་། ནུབ་ཧི་མཱ་ལ་ཡའི་བུ་ཆེན་མ་ཎི་བ་དང་ཕོ་བ་རྡོ་གཤག་གི་རབ་བྱེད་ཅེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་སོང་ལ་བོད་མིའི་སྒྲིག་འཛུགས་ནང་ཞབས་ལོ་ ༢༥ འཁོར་བའི་སྲི་ཞུ་ལས་བྱེད་ ༦ ལ་ཕྱག་འཁྱེར་དང་། དེ་བཞིན་ལས་བྱེད་ཁག་གཅིག་ལ་ལས་དོན་གཟེངས་སུ་ཐོན་པའི་གཟེངས་རྟགས་བཅས་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།