Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་གསར་པ་ Keir Starmer མཆོག་ལ་དགའ་བསུའི་འཚམས་འདྲི་མཛད་འདུག

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Keir Starmer མཆོག་གིས་སྣེ་ཁྲིད་པའི་ངལ་རྩོལ་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཁོང་ཡུལ་དེའི་སྲིད་བློན་གསར་པར་བསྐོ་བཞག་བྱུང་བར་དགའ་བསུའི་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག

Keir Starmer

དེ་ཡང་དེ་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་ཐོག་༸གོང་ས་མཆོག་གིས་སྲིད་བློན་ Starmer མཆོག་ལ་བསྩལ་བའི་འཚམས་འདྲིའི་གསུང་འཕྲིན་དེ་འདོན་སྤེལ་གནང་བའི་ནང་དུ། དེང་སྐབས་འཛམ་གླིང་འདི་བཞིན་དཀའ་ཚེགས་ཆེ་བའི་ཀྱོག་མཚམས་སུ་སླེབས་ཡོད་པ་ལྟར། མགོན་པོ་༸གང་ཉིད་ཀྱི་ངོས་ནས་དབྱིན་ཡུལ་རྒྱལ་ཁབ་ལ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཁོར་ཡུག་འདིའི་ནང་དོན་དམ་གྱི་ལེགས་སྐྱེད་ཕུལ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་པའི་ཐུགས་ཡིད་ཆེས་ཡོད་སྐོར་བཀའ་བསྩལ་འདུག

དེ་བཞིན་དེ་སྔ་༸གོང་ས་མཆོག་དབྱིན་ཡུལ་ནང་དུ་ཐེངས་ཁ་ཤས་ཆིབས་སྒྱུར་མཛད་པའི་དུས་སྐབས་ནམ་བྱུང་སྐབས་སུ། ཡུལ་དེའི་མང་ཚོགས་ནས་མགོན་པོ་གང་ཉིད་མཆོག་གིས་སེམས་པ་བཟང་པོ་བྱ་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ་དགོས་པ་སོགས་ཀྱི་འགྲོ་བ་མིའི་རིགས་ཀྱི་རིན་ཐང་གོང་འཕེལ་གྱི་མཛད་འཕྲིན་དག་ལ་དོ་སྣང་ཆེན་པོ་གནང་བར་ཡིད་རང་བསྔགས་བརྗོད་ཞུ་བཞིན་ཡོད་པ་མ་ཟད། ཡུལ་དེའི་མང་ཚོགས་ཀྱིས་མགོན་པོ་མཆོག་ལ་མཛའ་བརྩེ་དང་གྲོགས་པོའི་འདུ་ཤེས་མངོན་པར་གསལ་བར་༸གང་ཉིད་ཀྱི་ཐུགས་འགུལ་ཆེན་པོ་ཐེབས་པ་བཀའ་བསྩལ་འདུག

ལྷག་པར་དུ་༸གོང་ས་མཆོག་གིས། བོད་མི་དང་དབྱིན་ཡུལ་གཉིས་ཀྱི་དབར་ལོ་རྒྱུས་ཐོག་ནས་ཐུན་མིན་གྱི་འབྲེལ་བ་བཟང་པོ་ཞིག་ཡོད་པ་དང་། འདས་པའི་ལོ་ཡུན་ནང་དུ་དབྱིན་ཡུལ་མང་ཚོགས་ཀྱིས་བོད་མིའི་རང་དབང་དང་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐད་ཚད་མཐོའི་རྒྱབ་སྐྱོར་གྱི་རྣམ་པ་བཏོན་པར་དུས་རྟག་ཏུ་བཀའ་དྲིན་སྒོམ་བཞིན་ཡོད་པ་བཀའ་བསྩལ་ཏེ། སྲིད་བློན་ཁོང་གི་ལས་དོན་མཐའ་དག་ལམ་ལྷོང་དོན་འཁྱོལ་ཡོང་བ་དང་མི་མང་གི་རེ་འདུན་བསྒྲུབ་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་བསྩལ་འདུག

Rishi Sunak

གཞི་རྩའི་དབྱིན་ཡུལ་གྱི་འོས་བསྡུ་ཆེན་མོའི་ཁྲོད། སྐུ་ཞབས་ Keir Starmer མཆོག་གི་སྣེ་ཁྲིད་པའི་ Labour འམ་ངལ་རྩོལ་ཚོགས་པར་ཚད་མཐོའི་རྒྱལ་ཐོབ་པ་དང་འབྲེལ། སྐུ་ཞབས་ Rishi Sunak མཆོག་གི་སྣེ་ཁྲིད་པའི་རྙིང་ཞེན་ཚོགས་པའི་ལོ་ངོ་ ༡༤ རིང་གི་སྲིད་དབང་མཇུག་བསྒྲིལ་ཡོད་པ་རེད། ད་རེས་འོས་བསྡུའི་ནང་ཕམས་ཉེས་བྱུང་བའི་སྲིད་བློན་ Rishi Sunak ལགས་ཀྱིས། ད་རེས་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པ་དང་འབྲེལ་ནས་ཁོང་གིས་སྐུ་ཞབས་  Starmer མཆོག་ལ་ཞལ་པར་བརྒྱུད་མཚམས་འདྲི་གནང་ཡོད་སྐོར་དང་། ཁོང་གིས་འགན་ཁུར་བཞེས་པའི་སྐབས་སུ་གང་ཐུབ་གནང་ཡོད་པ་ཡིན་ནའང། ད་རེས་མང་ཚོགས་ཀྱི་ཐག་གཅོད་ཀྱི་བརྒྱུད་ནས་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་སྟབས། གཟི་བརྗིད་དང་ལྷན་དུ་རྒྱལ་ཁབ་དེའི་སྲིད་བློན་གྱི་ཕྱག་ལས་འདི་བཞག་ནས་ཕེབས་ཀྱི་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།