Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་རིགས་པ་དང་ལྡན་པའི་རིག་གཞུང་དེ་མི་རབས་གཞོན་པ་ཚོར་རྩིས་སྤྲོད་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག

Tibetan News Headlines

  • Tibet and the Himalayas: revisiting cross border trade through Uttarkashi
  • Feature : His Holiness the Dalai Lama’s speech to devotees from Himalayas

རེས་གཟའ་སྤེན་པ། ༢༠༢༤།༠༧།༢༠

  • བོད་དང་ཧི་མཱ་ལ་ཡ། བོད་དང་ཚོང་ས་རོང་པ།
  • ཕྱི་ལོ་ ༢༠༡༢ ལོར་༸གོང་ས་མཆོག་གིས་ཧི་མ་ལ་ཡའི་ཆོས་ཞུ་བར་སྩལ་བའི་བཀའ་སློབ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་རྒྱ་གར་གྱི་གནའ་བོའི་ཤེས་རིག་བསྐྱར་གསོའི་ལས་གཞི་དང་འབྲེལ། དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་ལྡི་ལི་བོད་ཁང་གི་༸དཔལ་ན་ལན་ཌའི་རབ་འབྱམས་སློབ་དཔོན་སློབ་ཚན་ Nalanda Masters Course གྱི་བསླབ་པ་མཐར་སོན་པའི་སློབ་མ་ ༥༠༠ ལྷག་ལ་མཇལ་ཁ་དང་བཀའ་སློབ། དེ་བཞིན་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་དུས་ད་ལྟ་བར་དུ་ང་ཚོས་རིགས་པ་དང་ལྡན་པའི་རིག་གཞུང་ཉར་ཚགས་བྱེད་ཡོད་པ་དེ་མི་རབས་གཞོན་པ་རྣམས་ལ་རྩིས་སྤྲོད་གནང་དགོས་གལ་ཡིན་སྐོར་བཀའ་སློབ་ལམ་སྟོན་མཛད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཀྱི་ཐོག་མར་དེ་རིང་གི་མཛད་འཆར་གོ་སྒྲིག་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་དང་འབྲེལ། ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་གྱར་ནས་ལོ་ཡུན་དེ་དག་གི་ཁྲོད་རྒྱ་གར་ནང་གི་མི་མང་པོ་ངོ་ཤེས་སུ་གྱུར་ནས་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་གི་ཐོག་གོ་རྟོགས་གསར་པ་ཞིག་བྱུང་ཡོད་ཅེས་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ནུབ་ཕྱོགས་པའི་ས་ཁུལ་དེ་དག་དེ་སྔོན་ནང་པ་དང་རྒྱ་གར་གྱི་རིག་གཞུང་ཐད་དེ་ཙམ་གྱི་འབྲེལ་བ་མེད་ཀྱང་། བར་སྐབས་རྒྱ་གར་གྱི་ལྟ་གྲུབ་ལྡན་པའི་གནའ་བོའི་རིག་གཞུང་ལ་དོ་སྣང་གནང་གི་ཡོད་སྐོར་བཀའ་སྩལ་དང་སྦྲགས། རྩ་བའི་ཆོས་ལ་དོ་སྣང་བྱེད་སྐབས་ཆོས་ལུགས་སོ་སོའི་ཆོ་ག་ལ་དོ་སྣང་ཙམ་མིན་པར་ཆོས་ཀྱིས་བསམ་བློའི་བཟང་ཕྱོགས་ཀྱི་འགྱུར་བ་དང་ཕན་ཐོགས་སོགས་ཀྱི་ཐད་ལ་ཐུགས་སྣང་གནང་དོགས་གལ་ཡིན་པ་མ་ཟད། དེང་སྐབས་ནུབ་ཕྱོགས་པ་གཙོ་བོར་འགྱུར་བའི་འཛམ་གླིང་ཡུལ་གྲུ་མང་པོས་བོད་གངས་ཅན་ལྗོངས་གི་ཆོས་རིག་བརྒྱུད་ནས་༸དཔལ་ན་ལན་ཌའི་ཆོས་བརྒྱུད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། དེའི་ཐོག་སློབ་སྦྱོང་དང་བགྲོ་གླེང་བྱ་ཡུལ་ཚད་ཐུབ་ཅིག་ཡོང་རྒྱུར་ལྡི་ལི་བོད་ཁང་ལྟ་བུ་དགེ་མཚན་ཆེན་པོ་ཡོད་སྐོར་བཀའ་སྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་རྩ་བའི་བོད་ལ་ཆབ་སྲིད་ཀྱི་འགྱུར་བའི་ཁྲོད་ཆོས་དང་རིག་གཞུང་ཐད་དམ་བསྒྲགས་ཤུགས་ཆེར་བྱུང་དང་འབྱུང་བཞིན་ཡོད་ཀྱང་བོད་གངས་ཅན་པ་རྣམས་ཀྱིས་སྙིང་སྟོབས་དང་ཤེས་རབ་རྣམ་དཔྱོད་ཀྱི་ཐོག་ནས་ད་བར་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡང་དག་པར་གནང་ཡོད་སྐོར་བཀའ་སྩལ་སོང་།

༸གོང་ས་མཆོག་གིས་ད་དུང་དེ་སྔོན་མགོན་པོ་༸གང་ཉིད་མཆོག་༸སྐུ་ན་ཆུང་དུས་སྐབས་བོད་དུ་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་བདུན་ཙམ་ཡོད་པ་ནས་མཚན་ཞབས་རེ་རེ་ཡོང་བཞིན་ཡོད་སྐོར་དང་། བདེ་ཡངས་གྲྭ་ཚང་གི་མཚན་ཞབས་དང་འབྲེལ་བའི་ལོ་རྒྱུས་ཁག་ཅིག་ཐུགས་དྲན་གསོ་དང་འབྲེལ། དུས་ད་ལྟ་དེ་དག་ཐམས་ཅད་དྲན་པའི་ཡུལ་དུ་གྱུར་བར་ང་ཚོ་ཡང་ཉིན་ཅིག་འཛམ་གླིང་འདི་ནས་མེད་པར་གྱུར་ངེས་ཡིན་པར་བརྟེན། དུས་ད་ལྟ་བར་དུ་ང་ཚོས་དེ་ལྟ་བུའི་རིགས་པ་དང་ལྡན་པའི་རིག་གཞུང་ཉར་ཚགས་བྱེད་ཡོད་པ་དེ་མི་རབས་གཞོན་པ་རྣམས་ལ་མུ་མཐུད་རྩིས་སྤྲོད་གནང་དགོས་གལ་ཡིན་སྐོར་བཀའ་སློབ་ལམ་སྟོན་མཛད་འདུག

༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་རྗེས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་མཛད་ཡོད་པ་དང་། བཀའ་ཆོས་གྲུབ་མཚམས་སུ་ཚོགས་བཅར་བ་རྣམས་ནས་བཀའ་འདྲི་ཞུས་ཁག་ལ་བཀའ་ལན་སྩལ་འདུག

འདི་ག་རླུང་འཕྲིན་ཁང་ནས་ལྡི་ལི་བོད་ཁང་གི་ངེས་སྟོན་པ་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་སུ་དེ་རིང་གི་མཛད་འཆར་དང་འབྲེལ་ནས་བཀའ་འདྲི་ཞུས་པ་ཞིག་དང་། དེ་བཞིན་དེ་རིང་གི་ཚོགས་བཅར་བའི་ཁོངས་སུ་ལྡི་ལི་བོད་ཁང་གི་དཔལ་ན་ལན་ཌའི་རབ་འབྱམས་སློབ་དཔོན་སློབ་ཚན་གྱི་ལས་གཞི་དེའི་འབྲེལ་མཐུད་པ་སྐུ་ཞབས་ Dipesh ལགས་དང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་ Nirupama Rao ལགས། དེ་བཞིན་ཚོགས་བཅར་བ་ཁག་ཅིག་ལ་བཅར་འདྲི་ཞུས་ཡོད་པས་གཤམ་གྱི་སྒྲ་ཐོག་ནས་གསན་ཐུབ། པར་དབང་དགའ་ལྡན་ཕོ་བྲང་།

འབྲེལ་ཡོད་གསར་གནས།

གསར་གནས།