བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་རེས་གཟའ་ཉི་མའི་ཉིན་ལིབ་ཡ་ནང་ཆར་ཞོད་རྐྱེན་གྱིས་ཆུ་མཛོད་འགས་པའི་ཚབ་ཆེའི་རྐྱེན་ངན་དབང་གིས་ཡུལ་དེའི་ཤར་ཕྱོགས་ཁུལ་གྱི་ Derna མངའ་སྡེའི་ས་གནས་དུ་མའི་ནང་མི་རྒྱུ་ཟོག་གསུམ་བཅས་པར་གོད་ཆག་ཚབས་ཆེན་ཕོག་པར་ཐུགས་གསོ་དང་ཐུགས་སྨོན་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་མང་ཚོགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་སྩལ་མཛད་རྒྱུའི་ཞལ་བཞེས་མཛད་འདུག

ལིབ་ཡ་ནང་གི་ཆར་ཞོད་ཀྱི་གོད་ཆག་དེའི་དབང་གིས་མང་ཚོགས་ལྔ་སྟོང་ལྷག་གི་ཚེ་སྲོག་ཤོར་བ་དང་དེ་བཞིན་མང་ཚོགས་ཆིག་ཁྲི་ལྷག་གར་སོང་ཆ་མེད་དུ་གྱུར་འདུག

དེ་རིང་སྔ་དྲོ་འདོན་སྤེལ་གནང་བའི་ཐུགས་གསོའི་གསུང་འཕྲིན་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལིབ་ཡ་ནང་གོད་ཆག་དེའི་ཁྲོད་སྲོག་སྐྱོན་ཕོག་པ་རྣམས་ཀྱི་ལྟོས་བཅས་ནང་མི་ལྷན་རྒྱས་ལ་གདུང་སེམས་མཉམ་བསྐྱེད་དང་ཚེ་སྲོག་ཤོར་བ་ཡོངས་ལ་ཐུགས་སྨོན་བཅས་མཛད་ཡོད།

དེ་བཞིན་༸གོང་ས་མཆོག་གིས་ལིབ་ཡ་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཆར་ཞོད་ཀྱི་གོད་ཆག་ཕོག་ཡུལ་ས་ཚིགས་གཙོ་ཁག་ཏུ་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་ཡོད་པ་མཁྱེན་རྟོགས་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག དེ་ལྟ་བུའི་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་གིས་ཐུགས་འཚབ་དང་བཅས་རོགས་སྐྱོར་གྱི་མཐུན་འགྱུར་གནང་བར་མངོན་དུ་ཕྱོགས་བཞིན་པ་དེས་གོད་ཆག་ཀྱི་ངན་འབྲས་ཚབས་ཆུང་དུ་གཏོང་བར་ཐུགས་ཕན་གསོས་ངེས་ཡིན་པར་བཀའ་སྩལ་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་མཇུག་ཏུ་ལིབ་ཡའི་མང་ཚོགས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་སྩལ་མཛད་རྒྱུའི་ཞལ་བཞེས་མཛད་འདུག

རྩ་བའི་ལིབ་ཡའི་ཤར་ཕྱོགས་ས་ཁུལ་གྱི་ Derna མངའ་སྡེ་ནང་མང་ཚོགས་ཆིག་འབུམ་ཉིས་ཁྲི་ལྷག་བཅའ་སྡོད་གནང་གི་ཡོད་པ་དེ་ལྟར་ནའང་། ལིབ་ཡའི་མགྲིན་ཚབ་པ་ནང་སྲིད་བློན་ཆེན་ Tarek al-Kharraz ལགས་ཀྱིས་གཞུང་འབྲེལ་གྱི་གསལ་བཤད་གནང་སྐབས་ཁུལ་དེའི་མང་ཚོགས་བཞི་ཁྲི་ལྷག་ས་གནས་གཞན་དུ་ཉེན་ཡོལ་ཆེད་གནས་སྤོ་གནང་ཡོད་པ་དང་། གོད་ཆག་དེའི་ཁྲོད་དུ་ས་གནས་དེའི་མང་ཚོགས་བརྒྱ་ཆ་ཉེར་ལྔ་ལྷག་ཤེས་རྟོགས་མེད་པར་གྱུར་ཡོད་སྐོར་གསུངས་འདུག པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།