Tibetan Royal Year of 2150 | Year of the Water Rabbit

༸གོང་ས་མཆོག་གིས་ Latvia རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ལ་འཚམས་འཕྲིན་མཛད་པ།

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་ཡོ་རོབ་ཀྱི་རྒྱལ་ཁབ་ Latvia སྲིད་འཛིན་སྐབས་ ༡༡ པར་འདེམས་ཐོན་བྱུང་བའི་སྐུ་ཞབས་ Edgars Rinkevics མཆོག་ལ་འཚམས་འཕྲིན་མཛད་པ་དང་སྦྲགས། སྲིད་འཛིན་མཆོག་གིས་ལས་གནས་ཁྲོད་མང་ཚོགས་ཀྱི་རེ་བ་དང་མངོན་འདོད་བསྒྲུབ་རྒྱུར་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

རང་ལོ་ ༤༩ ལ་སོན་པའི་སྐུ་ཞབས་ Rinkevics མཆོག་ནི་ Latvia རྒྱལ་ཁབ་ཀྱི་རྒྱལ་སྲུང་བློན་ཆེན་དང་ལོ་མང་རིང་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་ཡོད་པ་དང་། རྒྱུན་དུ་ཨུ་རུ་སུའི་ཐོག་བཞེངས་ཕྱོགས་མཁྲེགས་པོ་འཛིན་ཏེ་ཡུཀ་རེན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་སྟབས། རྒྱལ་ཁབ་དེའི་མང་ཚོགས་ཁྲོད་ནས་ཁོང་ལ་དགའ་མོས་ཆེན་པོ་གནང་མཁན་མང་དག་ཅིག་ཡོད་པ་རེད་འདུག

ཐེངས་འདིའི་སྲིད་འཛིན་གྱི་འོས་འདེམས་ཁྲོད་སྐུ་ཞབས་ཁོང་ལ་ Latvia གྲོས་ཚོགས་ནང་འཐུས་མི་ ༥༢ ནས་རྒྱབ་སྐྱོར་དང་སྦྲགས། ཁོང་ཡུལ་དེའི་སྲིད་འཛིན་སྐབས་ ༡༡ པར་འོས་འདེམས་བྱུང་བ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་འདེམས་ཐོན་སྲིད་འཛིན་ཁོང་གི་མཚན་ཐོག་འཚམས་འཕྲིན་ཞིག་སྩལ་བའི་ནང་། མགོན་པོ་༸གང་ཉིད་མཆོག་ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་རྒྱལ་ཁབ་དེའི་ནང་ཐེངས་འགའ་ཤས་ཆིབས་བསྒྱུར་མཛད་རྒྱུའི་གོ་སྐབས་བཟང་པོ་བྱུང་ཞེས་བཀའ་སྩལ་དང་འབྲེལ། ཆིབས་བསྒྱུར་དེ་དག་ཁྲོད་ཡུལ་དེའི་མང་ཚོགས་རྒན་གཞོན་ཚང་མས་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མིའི་རིན་ཐང་གོང་འཕེལ་དང་། གོ་ལ་གཅིག་འགྱུར་གྱི་འདུ་ཤེས། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་བཅས་ཀྱི་ཐད་ཐུགས་བརྩོན་ལྷོད་མེད་མཛད་བཞིན་པར་ཐུགས་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དེས་ཐུགས་འགུལ་ཤུགས་ཆེ་ཐེབས་ཡོད་པ་བཀའ་སྩལ་མཛད་འདུག

༸གོང་ས་མཆོག་གིས་ད་དུང་སྤྱིར་ Latvia དང་དེའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱི་ལོ་རྒྱུས་ལ་གཞིགས་ཚེ། རྒྱལ་ཁབ་དེ་དག་ནི་རྒྱལ་སྤྱིའི་ཁྲོད་རང་དབང་དང་མང་གཙོ། འཚེ་མེད་ཞི་བ་བཅས་ཀྱི་རིན་ཐང་ཐད་མིག་དཔེ་བཟང་པོ་འདོན་མཁན་ལྟ་བུ་ཆགས་ཡོད་སྐོར་བཀའ་སྩལ་བ་མ་ཟད། དེང་སྐབས་འཛམ་གླིང་འདི་བཞིན་གཉན་འཕྲང་ཅན་གྱི་དུས་སྐབས་སུ་ལྷུང་ཡོད་ཀྱང་། སྐུ་ཞབས་ Rinkevics མཆོག་གིས་སྐུ་ཚེ་ཧྲིལ་པོར་མང་ཚོགས་ཀྱི་བདེ་དོན་སླད་ཕྱག་ལས་རླབས་ཆེན་གནང་བར་བརྟེན། ཁོང་ནས་སྲིད་འཛིན་གྱི་འོས་འགན་བསྒྲུབ་རྒྱུར་དཀའ་ཚེགས་དེ་ཙམ་འཕྲད་རྒྱུ་མིན་པ་བཀའ་སྩལ་དང་འབྲེལ། འདེམས་ཐོན་སྲིད་འཛིན་མཆོག་གིས་རང་ཉིད་ཀྱི་ལས་གནས་ཁྲོད་ Latvia མང་ཚོགས་ཀྱི་རེ་བ་དང་མདོན་འདོད་བསྒྲུབ་རྒྱུར་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། སྐུ་ཞབས་ Rinkevics མཆོག་གིས་རིང་མིན་ཕྱི་ཟླ་ ༧ པའི་ ༨ ཉིན་སྲིད་འཛིན་གྱི་དམ་འབུལ་བཞེས་གནང་ཀྱི་ཡོད་པ་རེད་འདུག ཁོང་ནི་ཕྱི་ལོ་ ༡༩༡༨ ལོར་ Latvia ནང་རང་བཙན་ཐོབ་པ་ནས་བཟུང་ཡུལ་དེའི་སྲིད་འཛིན་སྐབས་ ༡༡ པ་དེ་ཆགས་ཀྱི་ཡོད་པ་དང། ཨུ་རུ་སུའི་མངའ་འོག་ནས་རང་བཙན་ཐོབ་པའི་ Baltic རྒྱལ་ཁབ་ཡོངས་ཀྱི་ཁྲོད་ནས་ Homosexual འམ་རྟགས་མཚུངས་འཁྲིག་མཐུན་ཅན་གྱི་སྲིད་འཛིན་ཐོག་མར་དེ་ཆགས་ཀྱི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།