Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་དྭགས་ཨེ་མམ་བྷར་གྷ་ཁ་ཆེའི་ཕྱག་ཁང་དུ་ཆིབས་བསྒྱུར་མཛད་པ། 

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་ལ་དྭགས་ནང་ཆིབས་བསྒྱུར་གྱིས་༸སྐུ་བཞུགས་མཛད་བཞིན་ཡོད་པ་དང་བསྟུན། ཁ་ཉིན་རེས་གཟའ་སྤེན་པའི་ལ་དྭགས་ཆུ་ཞོལ་འོག་མའི་ཨེ་མམ་བྷར་གྷ་ཁ་ཆེའི་ཕྱག་ཁང་དུ་ཆིབས་བསྒྱུར་གྱིས་ཉིན་དགུང་ལྗགས་སྨིན་མཛད་ཡོད་པ་རེད།

ཟླ་ ༨ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཕྱག་ཚོད་༧༌༤༥ ཙམ་ལ་བོད་པ་དང་ལ་དྭགས་པ་བརྒྱ་ཕྲག་གསུམ་མ་ཟིན་ཙམ་ལ་མཇལ་ཁ་སྩལ་ཞིང་། ཉིན་དགུང་ཆུ་ཚོད་ ༡༡།༠༠ ཙམ་ལ་ཁ་ཆེའི་ཆོས་ལུགས་ Shia དང་ sunni ཐུན་མོང་ནས་ཇི་ལྟར་གདན་ཞུས་ལྟར་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་སེངྒེ་གཙང་པོའི་འགྲམ་རྒྱུད་དུ་ཆགས་པའི་ཆུ་གཤམ་འོག་མའི་ཨེ་མམ་བྷར་གྷ་ Imam Bargah ཁ་ཆེའི་ཕྱག་ཁང་དུ་ཆིབས་བསྒྱུར་མཛད་ཡོད་པ་རེད།

སྐབས་དེར་༸གོང་ས་མཆོག་གིས་འཛམ་གླིང་འདིར་མི་ཡི་མི་ཚེ་མགོ་བཙུགས་པའི་སྐབས་ཀྱི་བྱམས་བརྩེའི་ཚོར་བ་དེ་ཆོས་ལུགས་མི་འདྲ་བ་དང་། ལུང་པ་མི་འདྲ་བ་སོགས་ཀྱི་ཐོག་ནས་ང་དང་ཁྱོད་ཅེས་དམག་ཆེན་དང་པོ་དང་། དམག་ཆེན་གཉིས་པ་བྱུང་བ་རེད་ཅེས་བཀའ་སྩལ་བ་དང་སྦྲགས་ཏེ་ཧ་ཅང་ཐུགས་ཕམ་གྱི་གནས་ཚུལ་དྲན་གསོ་དང་། ལྷག་པར་དུ་དེང་སྐབས་འཛམ་གླིང་ཚ་དྲོད་རྒྱས་ནས་བསྐལ་བ་མི་འཇིག་དང་ཆུ་འཇིགསླེབ་ཀྱི་འདུག་ཅེས་བཀའ་སྩལ་བ་དང་འབྲེལ། མངོན་པ་མཛོད་ལས་བསྐལ་བ་མེ་འཇིག་དང་ཆུ་འཇིག་གསུངས་པའི་མེ་འཇིག་གི་མགོ་ཚུགས་ཀྱི་ཡོད་པ་ལྟ་བུ་འདུག དེས་ན་འདས་པའི་ལོ་རྒྱུས་ལས་ལེགས་བྱ་བླངས་དགོས་པ་དང་། མི་ཚང་མས་གཅིག་གིས་གཅིག་ལ་བརྩེ་བ་དང་རོགས་རམ་བྱས་ཏེ་འཆི་བའི་སྐབས་སུ་ངོ་ཤེས་པ་ཚང་མས་བརྩེ་བའི་སེམས་ཀྱི་ཐོག་ནས་འབྲལ་མ་ཐུབ་པ་བྱེད་པའི་མི་ཚེ་ཞིག་བསྐྱལ་ཐུབ་ན་ཡག་པོ་ཡོད། ང་ཚོའི་མི་ཚེ་ནི་ཨ་མའི་བརྩེ་བའི་ཐོག་ནས་མགོ་ཚུགས་པས་གསོན་པའི་རིང་ང་དང་ཁྱོད་ཅེས་གསོད་རེས་གཏོང་བ་ནི་ཧ་ཅང་ཐབས་སྐྱོ་བོ་རེད་ཅེས་ཐུགས་བརྩེ་ཆེན་པོས་བཀའ་སྩལ་འདུག

མགོན་པོ་མཆོག་གིས་ད་དུང་དེང་སྐབས་ཕན་ཚུན་མི་མཐུན་པའི་གནད་དོན་བྱུང་སྐབས་སུ་གོ་མཚོན་སྤྱད་དེ་འཁྲུག་པ་རྒྱག་རྒྱུ་ནི་དུས་ཚོད་ཡོལ་ཟིན་སྟབས། གནད་དོན་དང་རྩོད་རྙོག་ཆེ་ཆུང་གང་འདྲ་ཞིག་འཕྲད་ཀྱང་ཕན་ཚུན་སྐད་ཆ་བཤད་ནས་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་མ་ཡི་བརྩེ་བས་བསྐྱངས་པས་མི་ཚེ་འདི་བརྩེ་བ་དང་ལྡན་པ་ཞིག་གི་ཐོག་ནས་འཁྲུག་པ་རྒྱག་པ་དང་གསོད་རེས་བྱེད་པ་ནམ་ཡང་མ་ཡོང་བ་ཞིག་ལ་ཐུགས་སྨོན་ཐུགས་བརྩོན་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུག

ལྷག་པར་དུ་༸གོང་ས་མཆོག་གིས་ལ་དྭགས་ཀྱི་ཁ་ཆེ་ལྷ་ཁང་འདིར་འཛོམས་པ་དང་། ཆོས་ལུགས་ཚང་མ་སྤུན་ཟླ་ནང་བཞིན་གྱི་འདུ་ཤེས་འཁྱེར་དགོས་གལ་ཡིན་པར་བཀའ་སྩལ་བ་དང་ཆབས་ཅིག ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་རྒྱག་པ་ནི་ཧ་ཅང་ཐབས་སྐྱོ་བོ་རེད། ༸གོང་ས་མཆོག་ནི་ནང་པའི་དགེ་སློང་ཞིག་ཡིན་ཀྱང་། ཆོས་ལུགས་ཚང་མར་གུས་ཞབས་མཛད་ཀྱི་ཡོད་པ་དང་།  ཆོས་ལུགས་ཚང་མའི་བསླབ་བྱ་དངོས་ཉམས་ལེན་བྱེད་ཚེ་སེམས་བཟང་པོ་བྱེད་པ་དང་། ཕན་ཚུན་བརྩེ་བ་བྱེད་དགོས། དེ་ཆོས་ལུགས་ཚང་མས་གསུངས་ཡོད་སྟབས།  ང་ཚོའི་ཆོས་ལུགས་དང་ཁོ་ཚོའི་ཆོས་ལུགས་ཟེར་བ། དཔེར་ན། བོད་ལ་མཚོན་ན་སྤྱི་ཡོངས་ཀྱི་ཐོག་ནས་ནང་པ་གཅིག་གྱུར་ཡིན་ནའང་། བཀའ་རྒྱུད། རྙིང་མ། དགེ་ལུགས། ཇོ་ནང་སོགས་ཚང་མའི་དབང་ལུང་མན་ངག་ཉམས་བཞེས་མཛད་ཀྱི་ཡོད་པར་བཀའ་སྩལ་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཆེའི་ཆོས་བརྒྱུད་འཛིན་མཁན་ནང་དུ་གཙོ་ཆེ་བ་སུན་ནི་དང་ཞིས་འ་གཉིས་ཡིན་པ་ལྟར་ཆོས་བརྒྱུད་ཁག་གཉིས་ཀྱི་ཚོགས་གཙོ་སོ་སོར་བཀྲ་ཤིས་རྟགས་བརྒྱད་ཀྱི་དྲན་རྟེན་རེ་གསོལ་སྩལ་མཛད་པ་དང་འབྲེལ། ལ་དྭགས་ལ་ཆོས་ལུགས་ཀྱི་མཐུན་འབྲེལ་དང་། ཡ་རབས་བྱེད་པ་སྤྱི་ཡོངས་ནས་ཧ་ཅང་ཡག་པོ་འདུག ཚང་མས་ལྷོད་ཡངས་མེད་པར་མི་དང་མིའི་བརྩེ་བ་མ་བརླག་པའི་ཐོག་ནས་ཆོས་ལུགས་མི་འདྲ་བ་ཚང་མ་སེམས་རྒྱུད་འདུལ་བའི་ཐབས་ལམ་གཅིག་གྱུར་ཡིན་པར་དགོངས་ནས་མཐུན་སྒྲིལ་གནང་དགོས་ཞེས་ལམ་སྟོན་མཛད་འདུག

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁ་ཆེའི་ཆོས་བརྒྱུད་གཉིས་ཐུན་མོང་ནས་འདེགས་འབུལ་ཞུས་པའི་ལྗགས་སྨིན་མཛད་རྗེས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་བསྒྱུར་མཛད་ཡོད་པ་རེད།

ཁ་ཉིན་༸གོང་ས་མཆོག་ཁ་ཆེའི་ཕྱག་ཁང་དུ་ཆིབས་མཛད་པའི་སྐབས་སུ། ཁ་ཆེའི་ཆོས་ལུགས་པ་ཕོ་མོ་བརྒྱ་ཕྲག་མང་པོས་ཕེབས་བསུ་དང་འབྲེལ་ཁ་ཆེའི་ཆོས་དཔོན་ཞིག་གིས་རིང་ལུགས་ཀྱི་སྨོན་ལམ་གསུང་འདོན་གནང་རྗེས་ལ་དྭགས་ཡུལ་གྱི་སུན་ནི་ཆོས་བརྒྱུད་ཀྱི་ཚོགས་གཙོ་ Dr. Abdul Quayoum ལགས་དང་། Shia ཆོས་བརྒྱུད་ཀྱི་ཚོགས་གཙོ་ Ashraf Ali Barch ལགས་རྣམ་གཉིས་ཀྱིས་ཕེབས་སུའི་གསུངས་བཤད་གནང་བར་བོད་ནི་ལོ་རྒྱུས་དང་རིག་གཞུང་གང་གི་ཆ་ནས་ལ་དྭགས་དང་འབྲེལ་བ་ཆེན་པོ་ཡོད་སྐོར་གསུངས་པར་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡོངས་སུ་ཕན་བདེ་བསྐྲུན་གྱི་ཡོད་སྐོར་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་རིང་བཞུགས་ཏེ་ལ་དྭགས་སུ་ཡང་ཡང་ཆིབས་བསྒྱུར་མཛད་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།