Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྤྱན་འབུལ་ཞུས་པ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་བདུན་དང་ལས་བྱེད་བཅས་ཁྱོན་མི་སྣ་སུམ་ཅུ་ཙམ་ཡོད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ཁ་སང་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་དང་བསྟུན། དེ་རིང་སྔ་དྲོ་ཁོང་རྣམས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་པ་དང་འབྲེལ། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་གནང་བའི་ Promoting a Resolution to the Tibet-China Conflict Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཕྱག་རྟགས་ཀྱི་ཚུལ་དུ་སྤྱན་འབུལ་ཞུས་འདུག

HHDL audience with US Delegation

དེའང་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ Michael McCaul ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གིས་དེ་རིང་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་ཞུས་པའི་ཆེས་མཐོའི་རྟེན་འབྲེལ་མཛད་སྒོ་དབུ་འཛུགས་མ་གནང་གོང་ཕྱག་ཚོད་ ༨།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཁྱེད་རང་ཚོ་དེ་རིང་འདིར་ཆེད་མངགས་ཕེབས་པར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་འབྲེལ། ༸མགོན་པ་གང་ཉིད་མཆོག་ནས་ཉིན་ལྟར་གཞན་ཕན་གྱི་བསམ་པ་དང་འགྲོ་བ་མི་གཅིག་འགྱུར་སོགས་ཀྱི་ཐད་དགོངས་བཞེས་མཛད་ཀྱི་ཡོད་པ་དང་། ང་ཚོ་ཚང་མ་འགྲོ་བ་མི་གཅིག་དང་ཚང་མར་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད་སྟབས། ཆོས་ལུགས་དང་ལུགས་སྲོལ་བཅས་ལ་ལྟོས་མེད་ང་ཚོ་ལ་དབང་བའི་འཛམ་གླིང་འདི་ཉིད་བདག་གཅེས་ཡག་པོ་གནང་དགོས་པ་མ་ཟད། འགྲོ་བ་མི་ཚང་མ་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཡོང་རྒྱུ་དེ་ནི་ང་ཚོའི་དམིགས་ཡུལ་གཙོ་བོ་དེ་རེད་ཅེས་བཀའ་སྩལ་འདུག

HHDL audience with US Delegation

སྐབས་དེར་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ Michael McCaul ལགས་ཀྱིས་ད་རེས་ཁོང་རྣམ་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་ཆོས་ལུགས་ཀྱི་དབུ་ཁྲིད་རླབས་ཆེན་ཞིག་མཇལ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་ཞེས་དང་། ༸གོང་ས་མཆོག་ནས་ད་དབར་དཀའ་སྡུག་ཇི་ཙམ་ཕྲད་མིན་ལ་མ་ལྟོས་པར་གོ་ལ་འདིར་ནང་སེམས་ཀྱི་ཞི་བདེ་དང་། སྙིང་རྗེ། དགྲ་བོ་ལའང་བཟོད་སྒོམ་སོགས་ཀྱི་རྩ་ཆེན་རིན་ཐང་གོང་འཕེལ་གནང་ཡོད་པར་ཡི་རངས་བསྔགས་བརྗོད་ཀྱིས་ང་ཚོའི་ལྷན་ཚོགས་ནས་ཀྱང་དེ་ལྟར་གནང་གི་ཡིན་ཞེས་གསུངས་འདུག

ཕྱོགས་མཚུངས་སྐུ་ཞབས་ Gregory Meeks ལགས་ཀྱིས་དེ་རིང་༸གོང་ས་མཆོག་དང་མཇལ་མོལ་གནང་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་སྐལ་པ་བཟང་པོ་ཡིན་བསམ་གྱི་འདུག་ལ། གཞན་ཕན་གྱི་བསམ་པ་དང་འགྲོ་བ་མའི་གཅིག་འགྱུར་གྱི་བསམ་བློ་གོང་མཐོར་གཏོང་ཐབས་དང་འབྲེལ་བའི་༸གོང་ས་མཆོག་གི་དགོངས་གཞི་མཐའ་དག་གོ་ལ་འདིའི་སྟེང་རྟག་ཏུ་གནས་རྒྱུ་ཡིན་པ་ཙམ་མ་ཟད། ༸གང་ཉིད་མཆོག་གི་ལམ་སྟོན་འོག་བོད་མི་རྣམས་ལ་དྲང་བདེན་དང་རང་དབང་ཐོབ་པར་ཡིད་ཆེས་བརྟན་པོ་ཡོད་པ་གསུངས་འདུག

HHDL audience with US Delegation

དེ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་ད་རེས་ཁོང་རྣམ་པ་ཆེད་མངགས་༸བཞུགས་སྒར་དུ་བཅར་དགོས་དོན་དེ་ནི་ཨ་རི་རྒྱལ་ཁབ་དེ་བཞིན་༸གོང་ས་མཆོག་དང་བོད་མི་ལྷན་དུ་ཡོད་ཅེས་ཀྱི་རྣམ་པ་བཏོན་ཆེད་ཡིན་པ་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ནམ་ཀུན་ནས་འགྲོ་བ་མི་རྣམས་གཅིག་འགྱུར་གྱི་བསམ་བློ་དང་འཛམ་གླིང་འདི་ཉིད་བདག་སྐྱོང་གནང་དགོས་པའི་དགོངས་གཞི་དེ་དག་ཨ་རི་ངོས་ནས་ཀྱང་རྩ་ཆེར་འཛིན་གྱི་ཡོད་སྐོར་གསུངས་པ་དང་འབྲེལ། ༸མགོན་པོ་གང་ཉིད་མཆོག་དགུང་ལོ་ ༡༡༠ ལྷག་བཞུགས་པའི་གསོལ་འདེབས་ཞུས་འདུག 

སྔ་དྲོའི་མཇལ་མོལ་གྱི་ལས་རིམ་དེའི་ཐོག་ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་གནང་མཁན་སྐུ་ཞབས་ Michael McCaul ལགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་༸གོང་ས་མཆོག་ལ་ཕྱག་རྟགས་ཀྱི་ཚུལ་དུ་འབུལ་བཞེས་དང་། ཕྱག་རྟགས་འདི་ནི་ཨ་རི་དང་བོད་མིའི་དབར་མཐུན་གྲོགས་ཀྱི་དཔང་ཡིག་མཚོན་གྱི་ཡོད་པ་གསུངས་འདུག

སྐབས་དེར་༸གོང་ས་མཆོག་ནས་ཀྱང་ཕྱག་རྟགས་དེར་ཐུགས་དགྱེས་ཚོར་ཆེན་པོས་རྒྱས་གཟིགས་མཛད་པ་དང་ཆབས་ཅིག ཁྲིམས་འཆར་དེ་ཉིད་ཧ་ཅང་གལ་ཆེན་པོ་ཡིན་པར་བཀའ་སྩལ་འདུག

HHDL audience with US Delegation

གཞི་རྩའི་དེ་རིང་གི་མཇལ་ཁའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཁོངས་སུ་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ Michael McCaul ལགས་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་རྣམ་གཉིས་གཙོས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་སྐུ་ཞབས་ Gregory Meeks ལགས།  དེ་བཞིན་ལྕམ་སྐུ་ Mariannette Miller-Meeks ལགས་དང་ Nicole Malliotakis ལགས། གཞན་ཡང་ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་ Ami Bera ལགས་བཅས་གྲོས་ཚོགས་འཐུས་མི་བདུན་དང་ཁོང་རྣམ་པའི་སྐུ་ཟླ་གཙོས་པའི་ནང་མི་དང་དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་བཅས་ནས་ལྷན་ཞུགས་གནང་ཡོད་པ་རེད།

རྩ་བའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་འདིའི་ངོས་ནས་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚད་མཐོའི་རྒྱབ་སྐྱོར་ཐོག་ཨ་རིའི་སྲིད་འཛིན་གྱི་མཚན་རྟགས་བཀོད་དེ་ཁྲིམས་སུ་གཅད་པའི་རྗེས་སུ་ཁྲིམས་གཞི་གསར་པ་དེ་༸གོང་ས་མཆོག་ལ་ཕྱག་རྟགས་ཀྱི་ཚུལ་དུ་ཕུལ་རྒྱུའི་འཆར་གཞི་སྒྲིག་ཡོད་ཀྱང་། ཉེ་ཆར་ཨ་རིའི་སྲིད་འཛིན་མཆོག་ཡོ་རོབ་ནང་གཞུང་འབྲེལ་ལས་དོན་ཆེད་ཕེབས་དགོས་ཁེལ་བ་དང་འབྲེལ་ནས་མཚན་རྟགས་བཀོད་རྒྱུ་བྱུང་མེད་པའི་ཁྲོད།

HHDL audience with US Delegation

ཁ་སང་རྒྱ་ནག་གཞུང་གིས་སྲིད་འཛིན་ Joe Biden ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེར་མཚན་རྟགས་བཀོད་པ་ཡིན་ན། རྒྱ་ནག་གི་ངོས་ནས་རང་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་དང་བདེ་འཇགས། ཡར་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོབ་སླད་ཁོན་ལེན་ནན་པོ་རློག་རྒྱུ་ཡིན་པ་གསུངས་བརྗོད་འདུག

དེ་ཡང་ཁ་སང་རྒྱལ་ས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཞིག་གི་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Lin Jian གྱིས་༸གོང་ས་མཆོག་ནི་ཆོས་ལུགས་ཀྱི་མིང་ཐོག་ནས་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་མཁན་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པ་ལས་ཡང་དག་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་མིན་སྐོར་དང་། ཨ་རིའི་ངོས་ནས་ཏ་ལའི་རུ་ཚོགས་ཀྱི་ཁ་བྲལ་རང་བཞིན་ལ་ངོས་འཛིན་བྱས་པའི་ཐོག་ནས་ Xizang འམ་བོད་དང་འབྲེལ་བའི་རྒྱ་ནག་ལྷན་དུ་གྲོས་མཐུན་འཇོག་པ་ཁག་ལ་རྩིས་འཇོག་གིས་ཏ་ལའི་རུ་ཚོགས་དང་འབྲེལ་བ་བྱ་རྒྱུ་མེད་པ་དང་། རྒྱལ་སྤྱིའི་ཁྲོད་དེ་ལྟ་བུའི་བརྡ་ལན་ནོར་བ་གཏང་རྒྱུ་མེད་པ་བརྗོད་འདུག

HHDL audience with US Delegation

ཁོ་པས་ད་དུང་། Xizang ས་ཁུལ་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། Xizang གྱི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་གནད་དོན་ཡིན་པའི་འཁྱོག་བཤད་དང་འབྲེལ་དེའི་ཐོག་ཕྱིའི་ཐེ་བྱུས་ཅི་རིགས་ལ་ངོས་ལེན་རྩ་བ་ནས་བྱ་ཐབས་མེད་སྐོར་དང་། ད་ལྟའི་ཆར་ Xizang ནང་དུ་དཔལ་འབྱོར་གྱི་གནས་སྟངས་ལེགས་ཤིང་མང་ཚོགས་ཀྱི་བདེ་དོན་སྲུང་སྐྱོབ་ལེགས་པར་བྱས་པའི་ཐོག་ནས་སྤྱི་ཚོགས་བརྟན་ལྷིང་དང་འཆམ་མཐུན་གྱི་གནས་སྟངས་ཡོད་པ་མ་ཟད། མུ་མཐུད་འཛུགས་བསྐྲུན་དང་ཡར་རྒྱས་སྤྱི་ཚོགས་བརྟན་ལྷིང་ཐོག་སྐྱོད་བཞིན་ཡོད་སྟབས།  ཕྱིའི་སྟོབས་ཤུགས་སུ་འདྲ་ཞིག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་རྒྱུའི་སླད་དུ་བོད་ཀྱི་གནས་སྟངས་ལ་དོ་ཕོག་གཏང་རྒྱུ་མེད་པ་དང་། དེ་ལྟར་བྱས་པ་རྣམས་ལམ་ལྷོང་ནམ་ཡང་ཡོང་གི་མ་རེད་ཅེས་བརྗོད་དེ། ཨ་རིའི་སྲིད་འཛིན་གྱི་ངོས་ནས་ཁྲིམས་འཆར་དེར་མཚན་རྟགས་བཀོད་རྒྱུ་མེད་པ་དང་། དེ་ལྟར་གནང་བ་ཡིན་ན་རྒྱ་ནག་གི་ངོས་ནས་རང་ཉིད་ཀྱི་ས་ཁོངས་བདག་དབང་དང་བདེ་འཇགས། དེ་བཞིན་འཛུགས་བསྐྲུན་གྱི་ཕེ་ཕན་སྲུང་སྐྱོབ་སླད་འཁོན་ལེན་ནན་པོ་སློག་རྒྱུ་ཡིན་པ་བརྗོད་ཡོད་འདུག

ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཚོགས་ཐོག་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ Karine Jean-Pierre ལགས་ཀྱིས་རྒྱ་ནག་གི་ཉེན་བརྡ་དང་འབྲེལ་བའི་དྲི་བར་ལན་འདེབས་ཁྲོད། ཨ་རིའི་སྲིད་འཛིན་གྱི་ངོས་ནས་ཨ་རིའི་མང་ཚོགས་ཀྱི་ཁེ་ཕན་གཞིར་བཞག་གིས་ལས་དོན་སྤེལ་རྒྱུ་ཡིན་པ་གསུངས་འདུག

karine-jean-pierre-white-house-press-briefing

འབྲེལ་ཡོད་གསར་གནས།

གསར་གནས།