Tibetan Royal Year of 2151 | Year of the Wood Dragon

༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་མི་རྣམས་ཁྲིམས་ཀྱི་དབང་བསྒྱུར་དུ་འཁྲིད་རིམ་སྙིང་བསྡུས་ཞེས་པའི་དཔེ་དེབ་དབུ་འབྱེད།

Tibetan News Headlines

  • བོད་དང་ཧི་མཱ་ལ་ཡ། བོད་དང་འབྲས་ལྗོངས་དབར་གྱི་ཆོས་ཡོན་དང་ཆབ་སྲིད་ཀྱི་འབྲེལ་བ།

Sunday 14/04/2024

  • Tibet and the Himalayas: Unraveling Sikkim and Tibet’s Religious-Political Bonds

དེ་རིང་ཟླ་ ༡༠ ཚེས་ ༡༡ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ སྟེང་དྷ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་བཅས་རྣམ་པ་གསུམ་གྱིས་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཀྱིས་བརྩམས་པའི་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་མི་རྣམས་ཁྲིམས་ཀྱི་དབང་བསྒྱུར་དུ་འཁྲིད་རིམ་སྙིང་བསྡུས་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ན་ཕྲ་མོའི་དུས་ནས་རྩབ་རལ་ཕྱིན་པའི་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་རྒྱུ་ཁེལ་ཡོད་པ་དང་། སྐབས་དེའི་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་ལམ་ལུགས་ལ་ངེས་པར་འགྱུར་བཅོས་མཛད་གལ་གཟིགས་ཏེ་ལེགས་བཅོས་ལས་ཁུངས་གསར་འཛུགས་དང་། ལེགས་བཅོས་ཕྱག་བསྟར་གང་ཡོང་མཛད་ཀྱང་ཐུགས་དགོངས་ཇི་བཞིན་ལམ་ལྷོང་མ་བྱུང་མཐར་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་རིམ་པས་བཅའ་ཁྲིམས་དང་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་སོགས་རྩ་འཛིན་ཡིག་ཆར་བཀོད་དེ་བོད་མི་རྣམས་ཀྱི་བསམ་བློའི་ཆུ་ཚད་སྨིན་མིན་ལ་མ་ལྟོས་པར་རིམ་པ་བསྟར་ཆགས་སུ་དུས་ལ་གཟིགས་ཏེ་མང་གཙོའི་ལམ་ལུགས་ཐོག་མཐར་བཙན་ཐབས་ཀྱིས་འཁྲིད་གནང་མཛད་པ་སོགས་མཛད་འཕྲིན་གྱི་གལ་གནད་སྐོར་ཞིབ་རྒྱས་གསུངས་སོང་།

བཀའ་ཟུར་མཆོག་གིས་ད་དུང་ཕྱག་དེབ་དེའི་ཐོག་ནས་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་མང་གཙོའི་ལམ་སྲོལ་ཐོག་འཁྲིད་གནང་བའི་དགོངས་གཞིའི་གལ་གནད་ཇི་ཆགས་སོགས་གསུངས་ཡོད།

དེ་བཞིན་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས་དེབ་ཀྱི་མཚན་བྱང་ལ་ཁྲིམས་ཀྱི་དབང་བསྒྱུར་དུ་འཁྲིད་རིམ་ཞེས་བཀོད་དོན་ལྟར་ནང་དོན་གཙོ་བོ་༸གོང་ས་མཆོག་ལ་ཐོག་མར་མང་གཙོའི་དགོངས་པ་ཇི་ལྟར་འཁྲུངས་ཚུལ་དང་ལམ་སྟོན་མཛད་ཕྱོགས། མཛད་དཀའ་ཇི་འཕྲད་སོགས་ཀྱི་སྐོར་ལ་ཞིབ་རྒྱས་གསལ་ཡོད་སྟབས། སླད་མར་བཅའ་ཁྲིམས་ཐོག་ལ་ཉམས་ཞིབ་གནང་མཁན་ཚོར་སྨན་པའི་ཉམས་ཞིབ་ཀྱི་རྒྱུ་ཆ་ཞིག་ཏུ་འགྱུར་ངེས་ཡིན་པར་གསུངས་སོང་།

གཞན་ཡང་དམིགས་བསལ་སྐུ་མགྲོན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་རྩོམ་པ་པོ་ལ་ཡི་རང་བསྔགས་བརྗོད་གནང་བ་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ན་ཕྲ་མོ་ནས་བྱམས་པ་དང་སྙིང་རྗེ་གཞི་རྩར་བཞག་པའི་ནང་ཆོས་ལ་སློབ་གཉེར་མཛད་པ་ལས་དེང་དུས་ཀྱི་ཤེས་རིག་ལ་སློབ་གཉེར་དམིགས་བསལ་མཛད་མྱོང་མེད་ཀྱང་། དེང་གི་ཚན་རིག་མཁས་པ་དང་ཆབ་སྲིད་མཁས་པ། དེ་བཞིན་དཔལ་འབྱོར་མཁས་པ་རྣམས་ལ་བཀའ་བསྡུར་མཛད་སྐབས་གཞན་དྲིང་མི་འཇོག་པའི་མཁྱེན་རྒྱ་རྒྱས་པོ་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཁྲིམས་སྒྲིག་གང་ཞིག་གཏན་འབེབས་གནང་ཡང་བྱམས་པ་དང་སྙིང་རྗེ་གཞི་རྩར་བཞག་ནས་གནང་དགོས་གལ་ཡིན་པར་གསུངས་ཡོད།

འདི་ག་རླུང་འཕྲིན་ཁང་གིས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་མི་རྣམས་ཁྲིམས་ཀྱི་དབང་བསྒྱུར་དུ་འཁྲིད་རིམ་སྙིང་བསྡུས་ཞེས་པའི་དཔེ་དེབ་རྩོམ་པ་པོ་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་སུ་ཕྱག་དེབ་དེ་ཉིད་རྩོམ་སྒྲིག་གནང་བའི་བརྒྱུད་རིམ་དང་པར་སྐྲུན་གྱི་གལ་གནད་སོགས་དང་འབྲེལ་ནས་བཅར་འདྲི་ཞུས་པར་སྤྱི་འཐུས་རྒྱུན་ལས་བྱེད་སྐབས་སུ་བཅའ་ཁྲིམས་ལ་སློབ་གཉེར་བྱས་ཏེ་༸གོང་ས་མཆོག་གི་བཀའ་སློབ་དང་ལམ་སྟོན། 

དེ་བཞིན་བཀའ་བློན་ཁྲི་ཟུར་སློབ་དཔོན་༸སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག་གིས་༸རྒྱལ་བའི་དགོངས་པ་དང་མཐུན་པའི་མང་གཙོའི་ལམ་བཟང་ཕྱག་བསྟར་ཇི་ལྟར་གནང་ཚུལ་སོགས་ཕྱོགས་བསྒྲིགས་ཞུས་པ་དང་། ལྷག་དོན་ཤོག་གྲངས་ ༦༥༡ བདག་ཉིད་ཅན་ཕྱག་དེབ་དེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་ཟུར་སློབ་དཔོན་༸སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག་རྣམ་གཉིས་ཀྱི་དགོངས་གཞི་གཙོ་བཟུང་གིས་བརྩམས་པ་ཞིག་ཡིན་སྐོར་སོགས་ངོ་སྤྲོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།