Tibetan Royal Year of 2151 | Year of the Wood Dragon

༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ་༸གང་ཉིད་ཀྱི་སྐུ་ཁམས་གསལ་ཐང་ཡིན་པའི་གསུང་འཕྲིན་བསྩལ་འདུག

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༦ སྟེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་བཅུ་གྱ་དགུ་བདག་གིར་བཞེས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན། མགོན་པོ་གང་ཉིད་མཆོག་གིས་ནིའུ་ཡོག་གྲོང་ཁྱེར་གྱི་བཞུགས་གནས་མགྲོན་ཁང་ནས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ་གང་ཉིད་སྐུ་གཟུགས་གསལ་ཐང་ཡིན་པས་ཚང་མ་བློ་བདེ་པོ་བྱ་དགོས་པའི་གསུང་འཕྲིན་བསྩལ་འདུག

Dalai Lama Wishes

དེ་ཡང་དེ་རིང་སྔ་དྲོ་རྒྱ་གར་གྱི་ཚོུད་ ༡༠ པའི་ཐོག་དྲྭ་ལམ་བརྒྱུད་བསྩལ་བའི་གསུང་འཕྲིན་དེའི་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་མགོན་པོ་༸གང་ཉིད་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོར་གཞིས་བྱེས་གཉིས་ཀྱི་བོད་མི་མང་ཚོགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་བཅས་ནས་སྤྲོ་སེམས་འཁོལ་བའི་ངང་ཉིན་མོ་དེ་སྲུང་བརྩི་དང་འབྲེལ་མགོན་པོ་༸གང་ཉིད་ཀྱི་ཆེད་དུ་སྨོན་ལམ་རྒྱག་བཞིན་པར་ཐུགས་རྗེ་ཆེ་ཞུ་མཛད་པ་མ་ཟད། ༸གོང་ས་མཆོག་༸གང་ཉིད་ནས་རྒྱལ་དབང་གི་མཚན་གནས་དང་ཐུགས་འགན་བཞེས་པའི་ཐོག་གཞིས་བྱེས་གཉིས་ཀྱི་ནང་དུ་སྐུ་བཞུགས་མཛད་རིང་བོད་བསྟན་སྲིད་ཀྱི་སླད་དུ་ཞབས་འདེགས་ཕྲན་བུ་བསྒྲུབས་ཡོད་ལ་འཛམ་གླིང་ཁྲོད་དེར་དོ་སྣང་ཆེན་པོ་ཡོང་གི་ཡོད་སྐོར་བཀའ་བསྩལ་བ་དང་སྦྲགས། ད་ལྟའི་ཆར་༸གང་ཉིད་མཆོག་གི་ཞབས་པུས་སྨན་བཅོས་རྐྱེན་པས་ཕྲན་བུ་མི་བདེ་བ་ཡོད་པ་མ་མཏོགས་རྩ་བའི་ཆར་སྐུ་གཟུགས་གསལ་ཐང་ཡིན་པས་གཞིས་ལུས་རྒྱ་ཆེ་མི་མང་གཙོ་བོར་འགྱུར་བའི་ཚང་མས་བློ་བདེ་པོ་བྱས་ནས་བཞུགས་དགོས་པའི་ལམ་སྟོན་བསྩལ་འདུག

༸གོང་ས་མཆོག་གིས་ལྷག་པར་དུ་མང་ཚོགས་རྣམས་ནས་༸སྐུའི་འཕྲོད་བཞེས་དང་འབྲེལ་བའི་གསལ་ཁ་མེད་པའི་གནས་ཚུལ་ཐོན་བཞིན་པ་ཁག་ལ་ཆ་འཛིན་གནང་མི་དགོས་པ་དང་། གང་ཉིད་མཆོག་གིས་ཞབས་པུས་སྨན་བཅོས་ཁྲོད་སྨན་ཁང་གཙོས་པའི་འབྲེལ་ཡོད་ཚང་མས་བརྩེ་སེམས་ལྡན་པའི་ངང་ནས་ཧུར་ཐག་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་འབྲེལ། ༸གང་ཉིད་མཆོག་ད་ཆ་དགུང་གྲངས་ ༩༠ ཡས་མས་ལ་ཕེབས་ཀྱི་ཡོད་ཀྱང་སྐུ་ཁམས་གསལ་ཐང་ཡིན་པ་མ་ཟད་ད་དུང་བསྟན་པའི་ཞབས་འདེགས་མུ་མཐུད་སྒྲུབ་རྒྱུའི་ཐུགས་སེམས་བརྟན་པོ་ཡོད་པ་བཀའ་བསྩལ་འདུག

གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་སྨན་བཅོས་སླད་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཞབས་སོར་འཁོད་པ་མ་ཟད། ཕྱི་ཚེས་ ༢༨ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་ Hospital for Special Surgery སྨན་ཁང་དུ་ཞབས་པུས་གཤག་གཅོས་ལེགས་གྲུབ་བྱུང་སྟེ། ཕྱི་ཚེས་ ༢༩ ཉིན་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་མཛད་དེ་སྐུ་ངལ་གསོ་བཞུགས་མཛད་མུས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།