Tibetan Royal Year of 2151 | Year of the Wood Dragon

༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་༸སྐུའི་འཕྲོད་བཞེས་དྭངས་སྐྱེད་ཡོང་བའི་སྨོན་འདུན།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་སྨན་བཅོས་དང་སྦྲགས། ཨ་རིའི་ New York གྲོང་ཁྱེར་ནང་དུ་ཡོད་པའི་ Park Hyatt གསོལ་མགྲོན་ཁང་དུ་སྐུ་ལྷོད་བཞུགས་གནང་བཞིན་པ་དང་བསྟུན། ས་གནས་བོད་མི་གཙོས་པའི་ཕྱི་ནང་དད་ལྡན་པ་རྣམས་ཀྱིས་འདས་པའི་ཉིན་ཤས་ནས་མགྲོན་ཁང་དེར་ཞབས་སྐོར་ཕེབས་པ་མ་ཟད། དེ་རིང་༸རྒྱལ་བའི་འཁྲུངས་སྐར་གྱི་དུས་ཆེན་ཏེ་རྒྱ་གར་ནང་གི་སྔ་དྲོ་ཚོུད་ ༩།༣༠ ཙམ་དང་ཨ་རིའི་ནང་གི་མཚན་དཀྱིལ་ཚོུད་ ༡༢ ཐོག་ Times Square ཞེས་ནིའུ་ཡོག་གྲོང་ཁྱེར་གྱི་མི་འཛོམས་ཆེ་བའི་གྲགས་ཅན་ས་ཚིགས་སུ། ཟབ་སྦྱོར་ལེགས་པར་སྤྲས་པའི་བོད་མི་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག མངར་ཟས་ཀེཀ་བགོས་འགྲེམས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་ཞབས་བྲོ་ཕུལ་བ་སོགས་དགའ་དད་སྤྲོ་གསུམ་གྱི་ངང་ནས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་བསུ་བ་ཟབ་རྒྱས་ཞུས་འདུག ས་གནས་བོད་མི་རྣམས་ཀྱིས་ད་དུང་མང་ཚོགས་ནས་ཞལ་འདེབས་བསྡུ་རུབ་ཐོག་ས་ཚིགས་དེའི་དབུས་ཀྱི་ Bill Board འམ་སྦྱར་དཔང་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་སྦྲགས་མགོན་པོ་གང་ཉིད་ལ་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་པའི་བསྟོད་ཚིག་བཀོད་འདུག

New York Billboard
Times Square, New York

དེ་རིང་༸སྐུའི་འཁྲུངས་སྐར་གྱི་དུས་ཚིགས་དང་བསྟུན་ཨ་རིའི་ཕྱི་སྲིད་བློན་ཆེན་ Antony Blinken མཆོག་གིས་རང་ཉིད་ཀྱི་ Twitter (X) དྲ་ལམ་ཐོག་ནས་༸མགོན་པོ་༸གང་ཉིད་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ༸གང་ཉིད་ཀྱིས་འཚེ་མེད་ཞི་བ་དང་སྙིང་རྗེ་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་མཛད་རྗེས་ནི་བོད་མི་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ལ་སེམས་འགུལ་ཐེབས་དགོས་པའི་གཞི་གཅིག་ཡིན་པའི་འགྲེལ་བརྗོད་གནང་འདུག

དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་ནས་ཀྱང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༩ ལ་ཕེབས་པར་འཚམས་འདྲི་དང་འབྲེལ། དེ་རིང་གི་དུས་ཚིགས་དེའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་གི་ཞི་བདེ་དང་སྙིང་རྗེ་འགྲོ་བ་མིའི་རིན་ཐང་གོང་འཕེལ་བཅས་ཀྱི་ཀུན་ཁྱབ་བཀའ་སློབ་ལ་བསམ་ཞིབ་གནང་དགོས་པ་དང་། ༸གོང་ས་མཆོག་གཙོས་པའི་བོད་མི་རྣམས་ནས་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་སྲུང་སྐྱོབ་ཆེད་དུ་འཐབ་རྩོད་གནང་བཞིན་པ་དེར་རྒྱབ་སྐྱོར་ཡོད་པ་གསུངས་འདུག

གཞན་ཡང་དེ་རིང་ CECC ཞེས་པའི་ ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་རྣམ་པ་གཉིས་ཀྱིས་ Twitter (X) དྲ་ལམ་བརྒྱུད་༸གོང་ས་མཆོག་ལ་འཁྲུངས་སྐར་འཚམས་འདྲི་དང་༸གང་ཉིད་མཆོག་མགྱོགས་མྱུར་སྐུ་གཟུགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་པ་མ་ཟད། བོད་མི་མང་ཚོགས་ནས་རང་དབང་ཐོག་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་རྒྱུ་གཙོས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་སྐད་ཡིག དེ་བཞིན་རིག་གཞུང་གི་རང་དབང་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་ཡོད་པ་བསྐྱར་ནན་གནང་འདུག

དེ་བཞིན་དེ་རིང་ International Buddhist Confederation ཞེས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་ཀྱང་༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་མཚམས་འདྲི་དང་༸གོང་ས་མཆོག་གི་བྱམས་བརྩེ་དང་། སྙིང་རྗེ། ཞི་བདེ་བཅས་ཀྱི་སླད་དུ་སྐུ་ངལ་མཛད་མེད་བསྐྱོན་པའི་རླབས་ཆེན་གྱི་མཛད་རྗེས་ལ་རྗེས་དྲན་དང་འབྲེལ། མགོན་པོ་མཆོག་གིས་གསུང་མུ་མཐུད་ཐོས་པའི་བརྒྱུད་ནས་ང་ཚོར་འཆམ་མཐུན་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་སེམས་ཤུགས་དང་ལམ་སྟོན་མཛད་གནང་ཡོང་བའི་ཐུགས་སྨོན་གནང་འདུག

Kailash Satyarthi
Kailash Sathyarthi

དེ་བཞིན་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Kailash Sathyarthi ལགས་ནས་ཀྱང་དེ་རིང་མཛའ་བརྩེ་ལྡན་པའི་ཐོག་ནས་༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་པ་མ་ཟད། དེ་རིང་རྒྱ་གར་གྱི་ཟས་སྦྱོར་ཚོང་ལས་སྡེ་ཁག་གི་བློན་ཆེན་དང་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Kiren Rijiju མཆོག་གིས་ Twitter (X) དྲ་ལམ་བརྒྱུད། ༸གོང་ས་མཆོག་ལ་དགུང་གྲངས་ ༨༩ ལ་ཕེབས་པའི་འཁྲུངས་སྐར་གྱི་འཚམས་འདྲི་དང་སྦྲགས། ༸རྒྱལ་དབང་མཆོག་སྐུ་ཚེ་བརྟན་ཅིང་སྐུ་ཁམས་བདེ་བའི་གསོལ་འདེབས་སྨོན་ལམ་དང་། མགོན་པོ་མཆོག་གི་ཐུགས་ཀྱི་དགོངས་པ་དག་ནི་འགྲོ་བ་མིའི་རིགས་ཡོངས་ལ་བྱམས་བརྩེ་དང་། ཞི་བདེ། སྙིང་རྗེ་བཅས་གོང་སྤེལ་ཐུབ་པའི་ལམ་གྱི་སྒྲོན་མེ་ལྟ་བུ་ཡིན་ཞེས་ཆེ་བསྟོད་ཀྱི་ཚིག་བརྗོད་ཕུལ་འདུག

Kiren Rijiju
Kiren Rijiju

ཡང་རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་གིས་རང་གི་དྲ་ལམ་ Twitter (X) ཐོག་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་། ༸གང་ཉིད་ཀྱིས་ཞབས་པུས་གཤག་བཅོས་གནང་བ་དེ་ལས་གང་མྱུར་དྲག་སྐྱེད་ཡོང་སྟེ་སྐུ་གཟུགས་གསལ་ཐང་ངང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུས་འདུག

ཕྱོགས་མཚུངས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་ Twitter(X) དྲ་ལམ་བརྒྱུད་༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་རྟེན་འབྲེལ་འཚམས་འདྲི་དང་མགོན་པོ་གང་ཉིད་སྐུ་ཚེ་སྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས་པ་མ་ཟད། ཨ་རུ་ན་ཅལ་མངའ་སྡེ་ཡོངས་ཀྱི་ནང་དུ་དེ་རིང་རྒྱལ་བའི་འཁྲུངས་སྐར་གྱི་ཉིན་མོ་དེ་བྱམས་བརྩེའི་ཉིན་མོ་ཞེས་སྲུང་བརྩི་ཞུ་དགོས་པའི་བཀོད་ཁྱབ་དང་སྦྲགས། སྤྱི་ཁྱབ་བློན་ཆེན་སྐུ་ཉིད་དབུ་བཞུགས་ཀྱིས་༸གོང་ས་སྐུ་ཕྲེང་དྲུག་པའི་འཁྲུངས་ཡུལ་མོན་ཡུལ་ Urgelling དུ་ཤིང་སྣ་འདེབས་འཛུགས་ཀྱི་ལས་འགུལ་ཞིག་སྤེལ་འདུག

Pema Khandu
Pema Khandu

ཁོང་གིས་ད་རེས་ Urgelling དུ་སྡོང་ཕྲུག་གི་རྩ་སྤོས་བཏབ་པ་དེས་ང་ཚོའི་མི་ཚེ་དང་འཛམ་གླིང་ཐོག་༸གོང་ས་མཆོག་གིས་བསམ་གྱི་མི་ཁྱབ་པའི་མཁྱེན་རབ་ཀྱིས་བྱིན་གྱིས་བརླབས་པ་དེ་མཚོན་གྱི་ཡོད་པ་དང་། དེའང་མགོན་པོ་༸གང་ཉིད་ཀྱི་ཐུགས་ཀྱི་ཪིན་ཐང་དེ་དག་གོང་འཕེལ་གྱི་རྣམ་པའི་ཐོག་ནས་འཚར་རྒྱུ་ཡིན་པ་གསུངས་འདུག

དེ་བཞིན་དེ་རིང་ Bomdila Buddhist Society ཞེས་ཁུལ་དེའི་ནང་པའི་ལྷན་ཚོགས་ནས་ཀྱང་ས་ཁུལ་དེའི་ནང་གཞི་རྒྱ་ཆེ་བའི་ཤིང་སྣ་འདེབས་འཛུགས་ཀྱི་ལས་འགུལ་སྤེལ་བའི་བརྒྱུད་ནས་༸གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་སྲུང་བརྩི་གནང་འདུག

Bomdila Buddhist Society
Bomdila Buddhist Society

དེ་ཡང་དེ་རིང་ཕྱི་ཟླ་ ༧ པའི་ཚེས་ ༦ སྟེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་གུང་གྲངས་ ༨༩ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན། Compassionate Films ཞེས་པའི་གློག་བརྙན་བཟོ་བསྐྲུན་ཁང་དང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་ཁང་། དེ་བཞིན་ཨི་ཊ་ལིའི་ནང་པའི་མཐུན་ཚོགས་བཅས་གསུམ་ནས་ Never Forget Tibet: The Dalai Lama’s Untold Story ཞེས་པའི་༸རྒྱལ་བའི་མཛད་རྣམ་དང་འབྲེལ་བའི་གློག་བརྙན་དེ་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་གླེང་སྟེགས་འདྲ་མིན་ཐོག་འདོན་སྤེལ་དབུ་འབྱེད་གནང་འདུག

དེ་ཡང་སྐུའི་མཛད་རྣམ་དང་འབྲེལ་བའི་གློག་བརྙན་དེ་ཨ་རི་དང་ཁེ་ན་ཌ། Australia, New Zealand, Italy, Taiwan, Singapore, Czech Republic, Holland དེ་བཞིན་དབྱིན་ཡུལ་དང་ Ireland བཅས་ཀྱི་ནང་དུ་གཟིགས་འབུལ་དབུ་འཛུགས་གནང་ཡོད་པ་མ་ཟད། Apple TV དང་ Amazon, Google Play བཅས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་ཐོག་ལ་ཡང་འདོན་སྤེལ་གནང་ཡོད་པ་གསུངས་འདུག་པ། མ་ཟད་རིང་མིན་གློག་བརྙན་འདི་འཛམ་གླིང་སྐད་ཡིག་འདྲ་མིན་ཐོག་ཕབ་ལེན་ཞུས་ཏེ་འདོན་སྤེལ་གནང་རྒྱུ་ཡིན་པ་གསུངས་འདུག

Never Forget Tibet: The Dalai Lama’s Untold Story
Never Forget Tibet: The Dalai Lama’s Untold Story

༸རྒྱལ་བའི་བཀའ་འཁྲོལ་དང་སྦྲགས་ནས་བཟོ་བསྐྲུན་གནང་བའི་ Never Forget Tibet ཞེས་པའི་གློག་བརྙན་འདི་བཞིན་ Jean-PaulMertinez ལགས་ཀྱིས་འཁྲབ་ཁྲིད་གནང་བ་དང་། གློག་བརྙན་འདིའི་ནང་༸གོང་ས་མཆོག་སྐུ་ཉིད་ཞལ་དྲོ་མོ་ནས་དེ་སྔ་བཙན་བྱོལ་ནང་བྲོས་བྱོལ་དུ་ཆིབས་བསྒྱུར་མཛད་ཕྱོགས་དང་། སྐབས་དེར་རྒྱ་གར་གྱི་ལས་བྱེད་པ་ Har Mander Singh དམ་པ་ཁོང་གིས་ཕྱག་རོགས་གནང་བ་བཅས་ཀྱི་སྐོར་ལ་ཡོད་པ་མ་ཟད།

Har Mander Singh
Har Mander Singh

བཙན་བྱོལ་བོད་མིའི་སྤྱི་ཚོགས་གཙོས་པའི་བོད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་རྣམས་ཀྱི་དྲུང་ནས་དེང་སྐབས་ཆགས་འཇིག་ཀྱི་གནས་སུ་གྱུར་བའི་འཛམ་བུ་གླིང་འདིའི་ཁྲོད་༸གོང་ས་མཆོག་གི་བྱམས་སྙིང་རྗེའི་བློ་འཛིན་ཕྱོགས་དང་། ༸གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས། དེ་བཞིན་བོད་པའི་ཆོས་དང་རིག་གཞུང་ནས་ལེགས་སྦྱང་གང་བླང་ཡག་ཡོད་པ་བཅས་ཀྱི་སྐོར་ལ་འཁོད་ཡོད་པ་རེད་འདུག

དེ་རིང་འདོན་སྤེལ་གནང་བའི་གློག་བརྙན་འདི་བཞིན་རྩོམ་བྲིས་པ་ Rani Singh ལགས་ཀྱིས་བྲིས་པའི་ An Officer and His Holiness ཞེས་པའི་ཕྱག་དེབ་ནས་སེམས་འགུལ་ཐེབས་པ་ཞིག་རེད་འདུག

An Officer and His Holiness by Rani Singh
An Officer and His Holiness by Rani Singh

འབྲེལ་ཡོད་གསར་གནས།

གསར་གནས།