Tibetan Royal Year of 2151 | Year of the Wood Dragon

༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཁོང་གི་འཁྲུངས་སྐར་ཉིན་རྒྱ་གཞུང་གིས་བོད་ནང་དམ་བསྒྲགས་མི་བྱེད་པའི་ཐུགས་རེ་ཡོད་ཅེས་གསུངས་སོང་།

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

དེ་རིང་ཕྱི་ཚེས་ ༨ ཉིན་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༡ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན། རིན་པོ་ཆེ་མཆོག་གི་འཁྲུངས་ཡུལ་གཟའ་རོང་འབྲོག་ཐུན་མོང་ནས་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་དུ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་རིན་པོ་ཆེ་མཆོག་གིས་རྒྱ་གཞུང་ནས་དེ་རིང་གི་ཉིན་མོ་དང་འབྲེལ་ནས་བོད་ནང་བཙན་གནོད་དང་དམ་བསྒྲགས་མ་གནང་བའི་ཐུགས་རེ་ཡོད་ཅེས་གསུངས་སོང་།

དེ་ཡང་དེ་རིང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་། སྤྱི་འཐུས་ཁག་ཅིག སྤྱི་ཟུར། གཞུང་འབྲེལ་མིན་པའི་སྐུ་ཚབ། དེ་བཞིན་རིན་པོ་ཆེའི་འཁྲུངས་ཡུལ་གཟའ་རོང་འབྲོག་གི་མི་མང་ཁག་ཅིག་དང་། ས་གནས་མང་ཚོགས་བཅས་ལྷན་ཞུགས་གནང་སྟེ། གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་མཎྜལ་བཤད་པ་སྙན་སེང་དང་འབྲེལ། གཟའ་རོང་འབྲོག་གི་སྐུ་ཚབ་ནས་བཀའ་དྲིན་གཏང་རག་གི་མཎྜལ་འདེགས་འབུལ་ཐོག་སྒྲོལ་དཀར་ཡི་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

སྐབས་དེར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་འབྲེལ། རིན་པོ་ཆེ་ཉིད་སྐུ་ཚེ་ཡུན་དུ་བརྟན་ཕྱིར་ཐུགས་སྨོན་དང་། འཕྲོད་བསྟེན་གང་ལེགས་གནང་རྒྱུའི་ཞལ་བཞེས་གནང་སྟེ། གཟའ་རོང་འབྲོག་གི་མི་མང་དང་། རྒྱ་ཆེ་མང་ཚོགས་ཀྱི་རེ་འདུན་ལྟར་བརྟན་བཞུགས་འབུལ་ལམ་ཞུས་པ་དེར་ནུས་པ་དང་ཕན་ཐོགས་གཏན་གཏན་ཡོད་སྐོར་དང་ཆབས་ཅིག ལྷག་པར་དུ་དེ་རིང་རིན་པོ་ཆེ་མཆོག་གིས་བླ་གཟའ་དང་འཁྲུངས་བའི་ཉིན་མོ། དེ་བཞིན་བརྟན་བཞུགས་བཅས་དུས་གཅིག་ཏུ་ཁེལ་བ་དེ་ཡག་པོ་བྱུང་སོང་ཞེས་གསུངས་སོང་།

དེ་བཞིན་རིན་པོ་ཆེ་མཆོག་གིས་བོད་ནང་དེ་རིང་ཁོང་གི་འཁྲུངས་སྐར་དང་བསྟུན་རྒྱ་ནག་གིས་བཙན་གནོན་དམ་བསྒྲགས་མ་གཏོང་བའི་ཐུགས་རེ་གནང་བཞིན་ཡོད་སྐོར་དང་འབྲེལ། རྒྱ་གཞུང་གིས་བོད་མི་རྣམས་ལ་བཙན་གནོན་དང་དྲག་གནོན་ཐོག་ནས་འཛིན་སྐྱོང་བྱེད་ཐུབ་པའི་བསམ་བློ་དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་ཡིན་ཅིང་། དེ་ལས་བོད་རྒྱ་མི་རིགས་གཉིས་བསམ་བློ་དང་སེམས་མཐུན་ཏེ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་ཞི་འགྲིག་ཡོང་ཐབས་གནང་དགོས་རྒྱུ་དེ་ཐུན་མོང་གི་ལས་འགན་ཞིག་ཡིན་པ་རེད་ཅེས་གསུངས་པ་དང་ཆབས་ཅིག རྒྱ་ནག་དབུས་གཞུང་ནས་སྲིད་བྱུས་གུ་ཡངས་དང་འགྲོ་འདུག་གུ་ཡངས་གཏོང་གི་ཡོད་སྐོར་བཤད་ཀྱི་ཡོད་ཀྱང་ས་གནས་ཀྱི་ལས་བྱེད་ཚོས་བོད་མིའི་ཐོག་དམ་བསྒྲགས་བྱ་རྒྱུ་མེད་པའི་ཐུགས་རེ་གནང་བཞིན་ཡོད་ཅེས་གསུངས་སོང་།

མ་ཟད་རིན་པོ་ཆེ་མཆོག་གིས་ད་དུང་འཁྲུངས་ཡུལ་ཐེ་བོ་དང་། གདུང་རྒྱུད་དེ་དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་ཞེས་པ་ལྟར་བོད་ཀྱི་མཐའ་སྲུང་དམག་མིའི་རྒྱུད་པ་ཡིན་པ་སོགས་འཁྲུངས་གཞིས་ངོ་སྤྲོད་རྒྱས་པ་གནང་སྟེ། དེ་སྔོན་ཕྱི་ལོ་ ༡༩༨༤ ལོར་ཕ་ཡུལ་དུ་གཟིགས་སྐོར་ཕེབས་སྐབས་འཁྲུངས་ཡུལ་དུ་ཕེབས་ཐུབ་མེད་ཅིང་། མ་འོངས་པར་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་བ་དང་འབྲེལ། ད་རེས་བརྟན་བཞུགས་འབུལ་མཁན་ཚོའི་ངོས་ནས་ཀྱང་རིན་པོ་ཆེའི་ལམ་སྟོན་རྣམས་ལག་བསྟར་ཐུབ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སྟེ་མཐར་ཀིརྟི་རིན་པོ་ཆེ་མཆོག་གི་ངོས་ནས་བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་གཟའ་རོང་འབྲོག་ཐུན་མོང་ལ་སྟོན་པ་ཐུབ་པའི་དབང་པོ་སྐུ་བརྙན་དང་། སྤྱན་རས་གཟིགས་ཀྱི་སྐུ་བརྙན། དེ་བཞིན་ཀིརྟི་སྐུ་ཕྲེང་གསུམ་པ་བསྟན་པ་རབ་རྒྱས་ཀྱི་སྐུ་བརྙན་བཅས་གསོལ་སྩལ་གནང་སོང་།

འདི་ག་རླུང་འཕྲིན་ཁང་གིས་བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྒན་རེ་མདོ་སེང་གེ་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་སྐབས་ཁོང་གིས་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་རིན་པོ་ཆེའི་འཁྲུངས་ཚེས་སྲུང་བརྩི་ཉིན་ཀིརྟི་དགེ་རྩ་ཚོགས་པའི་ངོས་ནས་དགོས་ངེས་ཅན་གྱི་མི་མང་རྣམས་ལ་སྨན་བཅོས་དང་ཟས་སོགས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་སོགས་གསུངས་སོང་།

རྩ་བའི་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་འཁྲུངས་ཚེས་ཉིན་རྒྱ་གཞུང་གིས་བོད་ནང་གི་ཀིརྟི་རིན་དགོན་གྱིས་གཙོས་པའི་ཁོང་གི་ལྷ་སྡེ་ཡུལ་ཚོ་རུ་དམ་དྲག་དང་མང་ཚོགས་ཀྱི་འདུ་འཛོམས་བཀག་སྡོམ་བྱེད་ཀྱིན་ཡོད་མ་ཟད། རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་པར་བཀག་སྡོམ་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།

གཞི་རྩའི་༸སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན་མཆོག་ནི་ཕྱི་ལོ་ ༡༩༤༢ ཆུ་རྟ་ལོར་ཤར་ཕྱོགས་ཐེ་བོ་རོང་གི་གཟའ་རུའི་སྟག་མོའི་སྒང་དུ་༸སྐུ་འཁྲུངས་ཤིང་། ཕྱིས་སུ་རྒྱ་ནག་གི་བཙན་འཛུལ་ལ་མ་བཟོད་པར་བཙན་བྱོལ་དུ་ཕེབས་ནས་ཝཱརཱཎསཱི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ལོ་དགུའི་རིང་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་གསན་བསམ་སློབ་གཉེར་མཐར་ཕྱིན་པར་མཛད་དེ་ཤཱསྟྲཱི་དང་ཨཱཙཱརྱའི་མཚན་གནས་རིམ་པར་བཞེས། དེའི་རྗེས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་སེ་འབྲས་དགེ་གསུམ་དུ་གཞུང་ཆེན་བཀའ་པོད་ལྔར་གྲྭ་སྐོར་དམ་འཇོག་མཛད་དེ་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས་པ་མ་ཟད། ཕྱི་ལོ་ ༡༩༩༧ ལོར་བོད་གཞུང་གི་བཀའ་བློན་དུ་འདེམས་ཐོན་བྱུང་བ་ལྟར་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།