Tibetan Royal Year of 2151 | Year of the Wood Dragon

ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མིས་བོད་ཀྱི་གནད་དོན་ལ་འཁྱོག་བཤད་བྱེད་རྐྱེན་ནང་པའི་ཆོས་ཚོགས་ཀྱིས་འགོག་རྒོལ།

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

ཉེ་ལམ་ལྷོ་ཀོ་རི་ཡའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་བོད་ནང་ཚོགས་པའི་ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་གི་ཁྲོམ་འདུས་ཤིག་ཏུ་མཉམ་ཞུགས་གནང་སྟེ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐད་མ་གོ་མ་ཐོས་ལྟ་བུའི་འཁྱོག་བཤད་ཀྱི་གཏམ་བཤད་བྱས་པར་ཡུལ་དེའི་ནང་པའི་ཆོས་ཚོགས་ཆེ་ཤོས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

དེའང་ koreajoongangdaily ནང་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། ཟླ་བ་འདིའི་འགོ་སྟོད་དུ་ Do Jong-hwan དང་། Min Byoung-dug གཙོས་ལྷོ་ཀོ་རི་ཡའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་བདུན་རྒྱ་ནག་གཞུང་གི་མཐུན་འགྱུར་འོག་བོད་ནང་ཚོགས་པའི་ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་གི་ཁྲོམ་འདུས་ཐོག་མཉམ་ཞུགས་བྱས་ཡོད་པ་མ་ཟད། ལྷོ་ཀོ་རི་ཡའི་རིག་གཞུང་བློན་ཆེན་ཟུར་པ་ Do Jong-hwan ཡིས། ཁྲོམ་འདུས་དེའི་ཐོག་ནུབ་ཕྱོགས་པའི་སྐུ་ཚབ་གཞན་ཕེབས་མེད་པའི་རྒྱུ་མཚན་ཤེས་རྟོགས་མེད་ཚུལ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་ནི་ལོ་ངོ་བཅུ་ཕྲག་བདུན་ཙམ་གོང་ལ་བྱུང་བའི་གནད་དོན་ཙམ་ཞིག་ལ་འགྲེལ་བརྗོད་བྱས་ཡོད་པ་རེད་འདུག

ཁོང་གིས་ཀོ་རི་ཡའི་རླུང་འཕྲིན་ཁང་གི་བཅར་འདྲིའི་ལས་རིམ་ཐོག བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཞེས་པའི་གནད་དོན་ནི་དེ་སྔ་ཕྱི་ལོ་ ༡༩༥༡ དང་ ༡༩༥༩ ཙམ་གྱི་ནང་དུ་བྱུང་བ་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ། ང་ཚོ་ཁྲོམ་འདུས་དེར་ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་གོང་འཕེལ་སླད་བསྐྱོད་པ་དང་། མང་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་དང་ཁྲོམ་འདུས་འདི་ལྟ་བུ་ལོགས་སུ་དབྱེ་རྒྱུ་གལ་ཆེ་ཡིན་པ་དང་ཆབས་ཅིག གྲོས་ཚོགས་འཐུས་མི་ Min Byoung-dug གིས་ད་ལྟའི་ཆར་ལོ་ངོ་ ༧༠ གོང་ལ་བྱུང་བའི་གནད་དོན་ཞིག་གླེང་བ་དེས་རྒྱལ་ཁབ་བདེ་འཇགས་ལ་ཁེ་ཕན་གང་ཡང་མེད་སྐོར་བཤད་འདུག

Jogye order of Korean Buddhism ཞེས་ལྷོ་ཀོ་རི་ཡའི་ནང་པའི་ཆོས་ཚོགས་ཀྱིས་གྲོས་ཚོགས་འཐུས་མི་གཉིས་ཀྱི་བཀའ་མོལ་དེར་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ། སྤྱིར་རྒྱལ་ཁབ་ཅིག་གི་སྐུ་ཚབ་ཇི་འདྲ་ཞིག་ཡིན་རུང། ཕྱི་འབྲེལ་ལས་དོན་དང་རྒྱལ་ཁབ་མཉམ་འབྲེལ་ལས་དོན་གོང་འཕེལ་སོགས་ཀྱི་སླད་རྒྱལ་ཁབ་གཞན་ནང་བསྐྱོད་པ་དག་ཡག་པོ་ཡིན་རུང་། ད་རེས་ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་ཁོང་རྣམས་ཀྱིས་ཡུལ་འདིའི་ནང་པ་ཙམ་མ་ཟད། མང་ཚོགས་ཀུན་གྱིས་ཤེས་རྟོགས་ཡོད་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གོ་རྟོགས་མེད་པའམ་ཡང་ན་འདས་པའི་ལོ་རྒྱུས་ཙམ་ཞིག་ལ་འགྲེལ་བརྗོད་ཀྱིས་སྣང་མེད་བསྐྱུར་འཇོག་བྱས་པ་དེ་ནི་ཧ་ལས་ཧོན་འཐོར་དགོས་པ་ཞིག་དང་། ཧ་ཅང་བློ་འགྱོད་ཅན་གྱི་གནད་དོན་ཞིག་ཡིན་པ་གསུངས་འདུག

ཆོས་ཚོགས་དེའི་ངོས་ནས་ད་དུང་གྲོས་ཚོགས་འཐུས་མི་ Do Jong-hwan དང་། Min Byoung-dug གཉིས་ཀྱིས་རྒྱ་ནག་གི་དབང་བསྒྱུར་འོག་དུས་ད་ལྟའང་མནར་གཅོད་མྱོང་བཞིན་པའི་བོད་མི་སྤྱི་དང་། ལྷག་པར་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་བོད་མི་རྒྱལ་གཅེས་པ་དམ་པ་ཡོངས་ཀྱི་རྣམས་ཤེས་ལ་དགོངས་སེལ་ཞུས་དགོས་པའི་དགོས་འདུན་བཏོན་འདུག

གཞི་རྩའི་ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་རྣམས་ད་རེས་བོད་ནང་བསྐྱོད་པ་དེ་ནི་ལྷོ་ཀོ་རི་ཡ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་བཞིན་པའི་དུས་སྐབས་ཤིག་གི་མཚམས་སུ་ཡིན་པ་དང་། ས་གནས་ཀྱི་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་གྲོས་ཚོགས་འཐུས་མི་རྣམས་བོད་ནང་གི་ཕྱོགས་བསྐྱོད་དེ་རྒྱ་ནག་གཞུང་གིས་གོ་སྒྲིག་དང་མཐུན་འགྱུར་བྱས་པ་ཞིག་ཡིན་པ་ར་སྤྲོད་བྱུང་རྗེས། གནད་དོན་དབྱེ་ཞིབ་པ་མང་པོས་དེར་སྐྱོན་བརྗོད་དང་འབྲེལ། ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་དེ་དག་རྒྱ་ནག་གིས་འཁྱོག་བཤད་དྲིལ་བསྒྲགས་སྤེལ་རྒྱུའི་སླད་བེད་སྤྱོད་བྱེད་བཞིན་པར་སེམས་འཚབ་གནང་བཞིན་ཡོད་འདུག

Photo: Korea JoongAng Daily

འབྲེལ་ཡོད་གསར་གནས།

གསར་གནས།