Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌའི་གྲོས་ཚོགས་སུ་རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་བོད་མི་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཁེ་ན་ཌའི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཐོག་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤེས་རབ་མཐར་ཕྱིན་ལགས་ཀྱིས་རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་ཡོད་པའི་བོད་མི་བཙན་བྱོལ་བ་གཙོས་ཚོགས་སྡེ་ཁག་ལ་འཇིགས་སྐུལ་དང་དོགས་སྲུང་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་ཐེར་བཏོན་གནང་འདུག

Sherab Tharchin Canada C70

དེ་ཡང་ཁ་སང་ཕྱི་ཚེས་ ༥ ཉིན་ཁེ་ན་ཌའི་གྲོས་ཚོགས་ཀྱི་སྤྱི་མང་དང་རྒྱལ་ཁབ་ཀྱི་བདེ་འཇགས་རྒྱུན་ལས་ཚོགས་ཆུང་གིས་གོ་སྒྲིག་འོག་ཡུལ་དེའི་གྲོས་ཚོགས་ཚོགས་ཁང་ནང་ཚོགས་གཙོ་སྐུ་ཞབས་ Ron Mckinnon ལགས་དབུ་བཞུགས་ཐོག་ Bill C70: An Act respecting countering foreign interference འམ་ཕྱིའི་ཐེ་བྱུས་ལ་ཁ་གཏད་གཅོག་པ་ཞེས་པའི་ཁྲིམས་འཆར་ཨང་ ༧༠ གཙོ་བཟུང་གིས་ཉན་ཞིབ་ལས་རིམ་ཞིག་ཚོགས་ཡོད་པ་དང་དེའི་ཐོག་བོད་མིའི་ཕྱོགས་ནས་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤེས་རབ་མཐར་ཕྱིན་ལགས་ཕེབས་ཡོད་པ་མ་ཟད། ས་གནས་སུ་ཡོད་པའི་ཡུ་གུར་རང་དབང་འཐབ་རྩོད་ཀྱི་ལས་གཞི་ཚོགས་པའི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ Mehmet Tohti ལགས། གཞན་ཡང་འབྲེལ་ཡོད་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་སོགས་ནས་མཉམ་ཞུགས་གནང་འདུག

སྐབས་དེར་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཁྲིམས་འཆར་ཨང་ C70 ཞེས་པ་དེའི་ཆ་ཤས་ཅིག་གི་སྐོར་ལ་འགྲེལ་བརྗོད་གནང་འདོད་བྱུང་བ་དང་དེའང་ Sarah ལགས་དང་ Hannah Taylor ལགས་གཉིས་ཀྱིས་བསྐྱར་ཞིབ་གནང་བའི་ཁྲིམས་འཆར་དེར་བསྔགས་བརྗོད་ཡོད་པའི་དོན་ཚན་མང་པོ་ཞིག་ཡོད་ཀྱང་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་སྐོར་འགྲེལ་བཤད་ཁ་གསལ་ཞིག་གནང་མེད་པ་དང་དེ་ལྟར་གནང་རྒྱུ་ནི་ཕྱིའི་རྒྱལ་ཁབ་ཁག་གིས་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ཁ་གྲག་ཐབས་མེད་པར་བཟོས་རྒྱུའི་དམིགས་བསལ་ཐབས་བྱུས་འདི་དག་ངོ་རྟགས་གཅོད་ནས་དེར་གདོང་ལེན་གནང་རྒྱུར་གལ་ཆེ་ཡིན་པ་ནན་བརྗོད་གནང་འདུག

Sherab Tharchin Canada C70

དེ་བཞིན་ཁོང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཁྲོད་འཚེ་བ་དང་བཙན་ཤེད། འཇིགས་སྐུལ་དང་བཙན་གནོན།  ལུས་ཀྱི་དྲག་སྤྱོད་ལ་སོགས་པའི་རྣམ་པ་འདྲ་མིན་བྱས་ཀྱི་ཡོད་པ་དང་། ལྷག་དོན་རྒྱ་ནག་ལྟ་བུ་དབང་འཛིན་པའི་རྒྱལ་ཁབ་ཀྱིས་རྒྱུན་དུ་ཐབས་བྱུས་དེ་དག་བེད་སྤྱོད་ཀྱིས་སོ་སོའི་རྒྱལ་མཚམས་ལས་བརྒལ་ནས་བསམ་ཚུལ་མི་མཐུན་མཁན་དང་ངོ་རྒོལ་གནང་མཁན་ཚོར་སྟངས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། འདིས་བོད་མི་བཙན་བྱོལ་བ་གཙོས་པའི་སྡེ་ཁག་འདྲ་མིན་ལ་ཤུགས་རྐྱེན་སྤྲད་ཀྱི་ཡོད་པ་ཡིག་ཐོག་ནང་བཀོད་ཟིན་པ་ཞིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་དམར་ཤོག་ཚོགས་པས་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མིའི་ངོ་བོ་དང་ལས་འགུལ་ལ་སྟངས་འཛིན་དང་དྲག་གནོན་བྱེད་པའི་ཐབས་ལམ་སྣ་ཚོགས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་གསུངས་འདུག

ད་དུང་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་བྱེད་རྒྱུའི་ཐབས་ཇུས་ཁོངས་གཙོ་བོ་རྒྱ་ཐོག་གསང་མྱུལ་མཉེན་ཆས་བརྒྱུད་བཙན་བྱོལ་བོད་མིའི་སྒེར་གྱི་གནས་ཚུལ་བསྡུ་རུབ་བྱེད་པ་དང་། དེ་དག་གི་བོད་ནང་ཡོད་པའི་རང་གི་ནང་མི་སྤུན་མཆེད་རྣམས་ལ་འདྲི་རྩད་བྱས་ཏེ་དམིགས་སུ་བཀར་ནས་སྡིགས་ར་སྐུལ་གྱི་ཡོད་པ་དང་རྒྱ་གཞུང་གིས་དེ་ལྟ་བུའི་རྒྱལ་མཚམས་བརྒལ་བའི་དྲག་གནོན་དེས་བཙན་བྱོལ་ནང་གི་བོད་མི་ལས་འགུལ་བ་ཚོས་བོད་ནང་ཡོད་པའི་རང་གི་ནང་མིའི་བདེ་འཇགས་ལ་སེམས་འཚབ་དང་འབྲེལ་རྒྱ་ནག་གི་དགོས་འདུན་ཁག་ལ་བཙན་ཤེད་ཀྱིས་ཁས་ལེན་བྱེད་དུ་འཇུག་པའམ་ཡང་ན་ཁ་གྲག་ཏུ་མི་བཅུག་པ་བཟོས་ཀྱི་ཡོད་པ་མངོན་གསལ་གནང་འདུག

Sherab Tharchin Canada C70

ད་རེས་ཁེ་ན་ཌའི་ནང་གི་ཕྱིའི་ཐེ་བྱུས་ལ་ཁ་གཏད་གཅོག་པ་ཞེས་པའི་ཁྲིམས་འཆར་ཨང་ ༧༠ འི་ཉན་ཞིབ་ལས་རིམ་དང་འབྲེལ་ཤེས་རབ་མཐར་ཕྱིན་ལགས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་མཚན་ཉིད་ཆ་ཚང་བ་ཞིག་ཚུད་དགོས་པ་དང་དེར་ལྟ་རྟོག་དང་ཉེས་ཆད་གཅོད་པའི་ཐབས་ལམ་ཤུགས་ཆེ་རུ་གཏོང་བ། དེ་བཞིན་བཙན་གནོན་ཕོག་ཡུལ་དང་སྤྱི་ཚོགས་ལ་རོགས་སྐྱོར་གནང་རྒྱུ། ལྷག་དོན་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་ཆེད་རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་ཆེད་འདོན་གནང་སྟེ་ཐེངས་འདིའི་ཁྲིམས་འཆར་ནང་རྒྱལ་མཚམས་བརྒལ་ནས་དྲག་གནོན་གྱི་ངོ་བོ་ཁ་གསལ་གཏན་འབེབས་གནང་རྒྱུ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བྱོལ་བོད་མི་དང་ཤུགས་རྐྱེན་ཐེབས་པའི་སྤྱི་ཚོགས་གཞན་ལ་དྲག་གནོན་བྱས་པའི་ཐབས་ཇུས་ལ་ནུས་པ་ལྡན་པའི་ཁ་གཏད་གཅོག་པའི་གོམ་པ་གལ་ཆེན་ཞིག་ཡིན་པ་མ་ཟད། དེའི་བརྒྱུད་ཁེ་ན་ཌའི་ངོས་ནས་ཡུལ་དེར་གནས་སྡོད་གནང་མཁན་མང་ཚོགས་ཀུན་གྱི་ཐོབ་ཐང་དང་རང་དབང་ལ་སྲུང་སྐྱོབ་ཡག་པོ་གནང་ཐུབ་ཀྱི་རེད་ཅེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།