Tibetan Royal Year of 2150 | Year of the Water Rabbit

གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ལ་རྒྱ་གཞུང་ནས་འགན་ལེན་དགོས་པ་གསུངས་འདུག

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་མོ་དེ་ནི་ཕྱི་ལོ་ ༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོ་དོན་གཉེར་ཅན་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བཏང་ནས་མི་ལོ་ ༣༤ འཁོར་བའི་ཉིན་མོ་ཞིག་འཁེལ་གྱི་ཡོད་པ་དང་བསྟུན། དེ་རིང་ཨ་རིར་རྟེན་གཞི་བྱས་པའི་ Human Rights Watch ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངོས་ནས་རྒྱ་ནག་གིས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེར་འགན་ལེན་ཡོད་པའི་ཐོག་ཁས་ལེན་བྱ་དགོས་པའི་ནན་བརྗོད་གནང་འདུག

དེ་ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོ་མོ་ཆེའི་དྲུག་བཞི་དོན་རྐྱེན་བྱུང་རྗེས་རྒྱ་ནག་གཙོ་བོར་གྱུར་བའི་འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེའི་ནང་དོན་རྐྱེན་དེའི་དུས་དྲན་ལོ་ལྟར་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་ཀྱང་། རྒྱ་གཞུང་གི་ངོས་ནས་དོན་རྐྱེན་དེར་འགན་ལེན་བྱེད་ཀྱི་མེད་པའི་ཁར་དེ་འབྲེལ་ལས་འགུལ་སྤེལ་མཁན་རྣམས་འཛིན་བཟུང་དོ་དམ་དང་། ཕྱི་སྡོད་ལས་འགུལ་བ་རྣམས་ལ་འཇིག་སྐུལ་དང་སྦྲགས། གནས་ཚུལ་ཇི་ཡོད་ནག་སུབ་གཏོང་ཐབས་བྱེད་ཀྱི་ཡོད་པ་སྐྱོན་བརྗོད་ནན་པོ་གནང་ཡོད་པ་མ་ཟད། དོན་རྐྱེན་དེའི་ཁྲོད་དཀའ་སྡུག་མྱོང་མཁན་དང་འདས་གྲོངས་སུ་ཕྱིན་པ་དག་གི་ནང་མི་ལྟོ་བཅས་ཡོངས་ལ་གུན་གསབ་སྤྲད་དགོས་པ་ནན་བརྗོད་གནང་འདུག

དེ་བཞིན་རྒྱ་གཞུང་གིས་ངོས་ནས་སྐབས་དེར་མི་གསོད་ཁྲག་སྦྱོར་སྤེལ་མཁན་རྒྱའི་དཔོན་རིགས་རྣམས་ལ་གཞུང་འབྲེལ་ཁྲིམས་མཐུན་གྱིས་ཉེས་ཆད་བཀལ་མེད་པ་དང་འབྲེལ། དོན་རྐྱེན་དེར་ཞིབ་འཇུག་བྱ་འདོད་མེད་པ། དེའི་ཁྲོད་འདས་གྲོངས་སུ་ཕྱིན་པ་དང་། རྨས་སྐྱོན་ཕོག་མཁན། བཙོན་འཇུག་དང་གར་སོང་ཆ་མེད་དུ་གྱུར་བའི་གྲངས་ཐོ་ཡང་ཕྱི་གསལ་བྱེད་ཀྱི་མེད་པར་སྐྱོན་བརྗོད་གནང་སྟེ། ཁ་སྔོན་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་དྲུག་བཞི་དོན་རྐྱེན་གྱི་ངོ་རྒོལ་བ་རྣམས་ཀྱི་ཨ་མ་ཡོངས་ནས་དུས་དྲན་དེ་བསླེབ་ལ་ཉེ་བ་བསྟུན། ཡོངས་གྲགས་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཁོང་རྣམས་པས་དོན་རྐྱེན་དེའི་ཁྲོད་འདས་གྲོངས་སུ་ཕྱིན་པ་མི་གྲངས་ ༢༠༢ སྐོར་ཞིག་གི་ཞིབ་ཕྲའི་གནས་ཚུལ་གསལ་བཀོད་དང་སྦྲགས། རྒྱ་གཞུང་གིས་གནད་དོན་དེའི་ཐོག་དྲང་བདེན་དང་གུན་གསབ། དེ་བཞིན་འགན་འཁུར་དགོས་པ་བཅས་ཀྱི་དོན་ཚན་གསུམ་ངེས་པར་དུ་ལག་བསྟར་བྱ་དགོས་སྐོར་གསུངས་ཡོད་པ་མངོན་གསལ་གནང་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གཞན་ཡང་རྒྱ་ནག་དམར་ཤོག་ཚོགས་པ་འདི་ཉིད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གྱི་ཁྲིམས་སྒྲིག་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས་ཁྲིམས་སྒྲིག་དགོངས་དོན་ལྟར་རྒྱ་གཞུང་ལ་འགན་འཁུར་དཀྲི་བ་བཞིན་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚད་མཐོ་བོ་བྱ་དགོས་མ་ཟད། སྨྲ་བརྗོད་རང་དབང་དང་། ཞི་བའི་འདུ་འཛོམས། ལྷག་པར་དུ་དྲུག་བཞི་དོན་རྐྱེན་གྱི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་མཁན་རྣམས་ལ་བཙན་ཤེད་དོ་དམ་དང་སུན་གཙེར་བཟོ་རྒྱུ་མེད་པ། དེ་བཞིན་དོན་རྐྱེན་དེ་དང་འབྲེལ་ནས་ཕྱི་རྒྱལ་ཁབ་ནང་གྱར་བའི་རྒྱ་ནག་མི་སེར་རྣམས་ཁུལ་དེར་ཕྱིར་ལོག་ལ་བཀག་སྡོམ་བྱ་རྒྱུ་མེད་པ། སྐབས་དེར་ཁྲིམས་མེད་ལུང་མེད་ཀྱིས་མི་གསོད་ཁྲག་སྦྱོར་བྱེད་མཁན་རྒྱའི་དཔོན་རིགས་རྣམས་ལ་ཞིབ་འཇུག་བྱས་ཏེ་ཁྲིམས་མཐུན་གྱི་ཉེས་ཆད་བཀལ་དགོས་པ་སོགས་ཀྱི་དོན་ཚན་ལྔ་ཅན་ཞིག་བཏོན་གནང་ཏེ་རྒྱ་གཞུང་གིས་འཕྲལ་མར་ལག་བསྟར་བྱ་དགོས་པ་ནན་བརྗོད་གནང་འདུག

གནད་དོན་དེ་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཐོག་གི་ཉམས་ཞིབ་པ་བགྲེས་པ་སྐུ་ཞབས་ Yaqiu Wang ལགས་ཀྱིས་ཞི་ཅིན་ཕིང་སྲིད་གཞུང་གིས་ཇི་ཙམ་འབད་བརྩོན་བྱས་ཀྱང་། དྲུག་བཞི་དོན་རྐྱེན་གྱི་གནད་དོན་དེ་རྒྱ་ནག་མི་མང་གི་སེམས་ནས་ནག་སུབ་གཏོང་ཐུབ་ཀྱི་མ་རེད། དེར་བརྟེན་རྒྱ་ནག་གི་གཞོན་སྐྱེས་མང་པོ་ཞིག་རྡོག་རྩ་གཅིག་སྒྲིལ་གྱིས་གནད་དོན་དེའི་ཐོག་དྲང་བདེན་དང་འགན་འཁུར་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པ་རེད་ཅེས་གསུངས་འདུག

མ་ཟད་ཨ་རིས་གཙོས་པའི་ཡོ་རོབ་མཐུན་ཚོགས་ནས་ཀྱང་རྒྱ་གཞུང་ལ་དེ་འབྲེལ་སྲིད་དོན་ཉེས་ཆད་བཀལ་ཡོད་པར་རིམ་པས་རྒྱ་གཞུང་གིས་གཡོ་ཐབས་བྱེད་པའི་ཐོག རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་གནད་དོན་དེར་རིམ་པས་གདོང་ལེན་ཤུགས་ཆེ་བྱེད་མེད་པར་བརྟེན། དེའི་མཇུག་འབྲས་ནི་ད་ལྟའི་ཆར་རྒྱ་གཞུང་གི་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སྔར་ལྷག་བྱེད་བཞིན་ཡོད་པ་རེད་ཅེས་མངོན་གསལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།