Tibetan Royal Year of 2151 | Year of the Wood Dragon

ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་རྒྱ་རིགས་གསར་འགོད་པ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་སྐོར་ལ་གནས་ཚུལ་སྤེལ་མཁན་གྱི་རྒྱ་རིགས་གསར་འགོད་པ་ཀྲང་ཀྲན་ཟེར་བ་ཞིག་ལ་འཁྲུག་རྩོད་སློང་བའི་ཉེས་མིང་འོག་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དེ་བཞིན། བདུན་ཕྲག་སྔོན་མའི་རེས་གཟའ་ཟླ་བའི་ཉིན་བཙོན་འཇུག་གི་དུས་ཡུན་རྫོགས་ཟིན་ཡང་། ཁོ་མོའི་གནས་ཚུལ་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་འདུག

Covid Journalist Imprisoned
Photo: Amnesty

དེ་ཡང་ཟླ་འདིའི་ཚེས་ ༡༥ ཉིན་ China Digital Times ཡིས་དེ་འབྲེལ་གནས་ཚུལ་ཞིག་འདོན་སྤེལ་གནང་བའི་ནང་། དེ་སྔ་ཕྱི་ལོ་ ༢༠༢༠ ལོའི་འགོ་སྟོད་དུ་ Zhang Zhan ལགས་ཀྱིས། རྒྱ་ནག་ལྦུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་སོགས་དང་འབྲེལ་བའི་གནས་ཚུལ་སྤེལ་ཡོད་སྟབས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༥ པའི་ནང་ཁོ་མོར་འཁྲུག་རྩོད་དང་ཟིང་འཁྲུག་སློང་བའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཟླ་འདིའི་ཚེས་ ༡༣ རེས་གཟའ་ཟླ་བའི་ཉིན་ཁོ་མོའི་བཙོན་འཇུག་ཁྲིམས་ཐག་གི་དུས་ཡུན་རྫོགས་ཡོད་ཀྱང་། ཁོ་མོ་གང་དུ་ཡོད་མེད་དང་བདེ་ཐང་ཡིན་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་འདུག

གནས་ཚུལ་ལྟར་ན། ཀྲང་ནས་བཙོན་ཁང་དུ་བསྡད་ཡུན་རིང་། ཁྲིམས་ཐོག་ནས་ཁོ་མོ་འཛིན་བཟུང་དང་ཁྲིམས་བཅད་ཐད་ཞུ་གཏུག་གནང་བ་མ་ཟད། ཁྲིམས་རྩོད་པར་ཁོ་མོར་བཙོན་ཁང་དུ་གཅར་རྡུང་དང་དྲག་གནོན། དེ་བཞིན་དུས་ནས་དུས་སུ་ཁ་ལག་མ་སྤྲད་པ་སོགས་ཀྱིས་བརྒྱུད་གཟུགས་གཞི་ཞན་པོར་གྱུར་ཡོད་པའི་གནས་སྟངས་སོགས་འགྲེལ་བརྗོད་གནང་ཡོད་པ་དང་སྦྲགས། སྐབས་ཤིག་ལ་ཁོ་མོ་སྨན་ཁང་དུ་ཁྲིད་དགོས་བྱུང་ཡོད་པའི་ཁྲོད། སྨན་ཁང་དུ་རྒྱལ་སྤྱིའི་ཁྲིམས་སྒྲིག་རྡོག་རོལ་གྱིས། བཙན་གྱིས་ཁོ་མོར་སྨན་སྤྲད་པ་སོགས་ཀྱི་གནས་ཚུལ་གསུངས་ཡོད་པ་རེད་འདུག

Covid Journalist Imprisoned

གནད་དོན་དེ་དང་འབྲེལ་ཐེ་ལྦན་ནང་གི་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པའི་ཞུ་གཏུག་འགན་འཛིན་ Aleksandra Bielakowska ཡིས། ཁ་སང་རེས་གཟའ་ཟླ་བ་ནས་བཟུང་ཀྲང་སྐོར་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་དང་། ཁོ་མོའི་ནང་མི་ཡང་ཁོ་མོ་དང་བདུན་ཕྲག་ཁ་ཤས་རིང་འབྲེལ་བ་བྱུང་མེད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་ཆ་ཁོ་ཚོ་ལྟ་སྲུང་ནན་པོ་ཡོད་ས་དང་། ཡང་ན་ས་ཆ་གཞན་ཞིག་ཏུ་ཡོད་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་ཅིང་། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་འདས་པའི་བདུན་ཕྲག་ཁ་ཤས་རིང་རྒྱ་ནག་གཞུང་གིས་རྒྱ་ནག་ཏུ་ཡོད་པའི་འཐབ་རྩོད་པ་དང་གསར་འགོད་པ་ཚོར་ཀྲང་གི་གནད་དོན་ཐད་གླེང་སློང་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་གསུངས་འདུག

ཡང་ New York Times གསར་འགོད་པ་ Vivian Wang གིས། རྒྱ་ནག་ཏུ་གསར་འགོད་པ་འཛིན་བཟུང་གིས་གློད་བཀྲོལ་རྗེས་རྒྱ་གཞུང་དཔོན་རིགས་ཚོས་མི་སྣ་དེར་རྣམ་པ་འདྲ་མིན་གྱི་སྒོ་ནས་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པའི་གནས་སྟངས་སྤྱིར་བཏང་ཞིག་ཡིན་པ་གསུངས་འདུག་ལ། དབྱིན་ཡུལ་གནས་སྡོད་ཀྲང་གློད་བཀྲོལ་དགོས་པའི་གནད་དོན་ཐད་ཞུ་གཏུག་གནང་མཁན་ Jane Wang གིས། ཁོ་མོས་ཤེས་རྟོགས་བྱུང་བ་ལྟར་ན་ཤང་གའི་འཐབ་རྩོད་པ་ཞིག་གིས་ཀྲང་གི་གློད་བཀྲོལ་དང་འབྲེལ་བའི་སྐོར་སྐད་ཆ་བཤད་པར་ཉེན་རྟོག་པས་ཁོ་པ་འཛིན་བཟུང་བྱས་ཡོད་པ་སོགས་འཁོད་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་ལས་རོགས་ Maya Wang ཡིས། བཙོན་ཁང་ནང་བསྡད་པའི་དུས་ཡུན་རིང་ཁོ་མོའི་གཟུགས་གཞིའི་གནས་སྟངས་མི་ལེགས་པའི་ཁར། ད་ཆ་ཀྲང་སྐོར་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་ཡོད་པ་ནི་སེམས་འཚབ་དགོས་པ་ཞིག་ཡིན་པ་གསུངས་འདུག

Covid Journalist Imprisoned

China Digital Times ཡིས་སྤེལ་བའི་གནས་ཚུལ་ནང་ད་དུང་། ཀྲང་ཙམ་མ་ཟད་ཁོ་མོའི་ཁྲིམས་རྩོད་པ་དང་ནང་མི་དེ་བཞིན་གྲོགས་ཉེ་འབྲེལ་ཡོངས་ལ་རྒྱ་གཞུང་གིས་ལྟ་སྲུང་ནན་པོ་བྱས་ཡོད་པ་འགྲེལ་བརྗོད་ཀྱིས། ཁོ་མོ་བཙོན་ཁང་དུ་བསྡད་པའི་དུས་ཡུན་རིང་འབྲེལ་ཡོད་ནང་མིར་ལྟ་སྲུང་ནན་པོ་བྱས་པའི་རྐྱེན་གྱིས་ཁོང་གི་ཕ་མས་གསར་འགོད་པར་སྐད་ཆ་བཤད་རྒྱུར་འཛེམ་ཟོན་བྱས་ཡོད་པ་དང་། ཁོ་མོའི་ཁྲིམས་རྩོད་པ་ Ren Quanniu ལ་ཡང་ལྟ་སྲུང་ནན་པོ་བྱས་ཡོད་པ། དེ་བཞིན་རེས་གཟའ་ཟླ་བའི་ཉིན་  Shen Yanqiu ཟེར་བ་ཞིག་གིས་ཀྲང་གི་ནང་མི་དང་ལྷན་ཁོ་མོ་བཙོན་ཁང་ནས་བསུ་བར་འགྲོ་རྩིས་བྱས་ཀྱང་། གསར་འགོད་པས་གནས་ཚུལ་དྲིས་སྐབས། ཁོ་མོས་བཙོན་ཁང་དུ་ཇ་འཐུང་བར་མགྲོན་འབོད་བྱས་སོང་ཞེས་བརྗོད་ཡོད་པ་ནི་དོན་དངོས་ཐོག་ཉེན་རྟོག་པས་འདྲི་རྩད་ཆེད་འབོད་ཡོད་ཚུལ་གྱི་རྣམ་པ་བསྟན་འདུག

སྤྱིར་རྒྱ་གཞུང་གིས་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནད་དོན་ཐད་མང་ཚོགས་ཁྲོད་གླེང་སློང་བཀག་སྡོམ་ཆེད་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པའི་ཁར། རེས་གཟའ་ཟླ་བའི་དགོང་མོར་ལོ་ན་ ༤༠ སོན་པའི་ཀྲང་ལ་དངོས་སུ་རང་དབང་ལྡན་པའི་གློད་བཀྲོལ་ཐོབ་ཡོད་མིན་ཐད་དོགས་པ་ཡིན་ཞིང་། ཀྲང་གི་ད་ལྟའི་ཁྲིམས་རྩོད་པ་ Zhang Keke ལྟར་ན་ཁོང་ནས་ཀྲང་གི་ཨ་མར་ཉིན་གང་འབྲེལ་བ་མི་ཐུབ་པར་གྱུར་ཡོད་པ་དང་། ཤང་གའི་ཉེན་རྟོག་ཁང་གི་ལས་བྱེད་ཚོར་དེ་འབྲེལ་གནད་དོན་དྲིས་པར་ཁ་ཡ་གང་ཡང་བྱས་མེད་པ་རེད་འདུག

Covid Journalist Imprisoned

རྩ་བའི་རྒྱ་ནག་གཞུང་གིས་ཀྲང་ཙམ་མ་ཡིན་པར་ཏོག་དབྱིབས་གཉན་རིམས་སྐོར་གནས་ཚུལ་བཀོད་མཁན་གྱོ་མི་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། དེ་དག་གི་ཁྲོད་མི་མང་པོ་ཞིག་ནི་བཙོན་འཇུག་སྐབས་སྡུག་སྦྱོང་མནར་སྤྱོད་ཚད་མེད་ལ་བརྟེན་ལུས་སེམས་གཉིས་ཀར་དཀའ་ངལ་ཤུགས་ཆེ་བྱུང་ཡོད་ཅིང་། ད་ཆ་རྒྱ་ནག་ནི་འཛམ་གླིང་ཁྲོད་གསར་འགོད་པ་དང་རྩོམ་པ་པོ་རྣམས་ནས་རྒྱ་གཞུང་གིས་ཁྲིམས་འགལ་བྱ་སྤྱོད་དང་འབྲེལ་བའི་གནས་ཚུལ་འདོན་སྤེལ་བྱས་པར། འཁྲུག་རྩོད་ཀྱི་ཉེས་མིང་འོག་བཙོན་བཅུག་བྱེད་མཁན་མང་ཤོས་དེ་ཡིན་པ་དང་། རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་གསར་འགོད་རང་དབང་གི་སྙན་ཐོ་འདོན་སྤེལ་གནང་བ་ལྟར་ན་རྒྱ་ནག་ནི་རྒྱལ་སྤྱིའི་ཁྲོད་གསར་འགོད་རང་དབང་ཞན་ཤོས་གཉིས་པ་དེ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།