Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་གྲོས་ཚོགས་ནང་ Hikvision སོ་ལྟའི་བརྙན་མིག་ཕྱིར་འཐེན་དགོས་པའི་ཞུ་སྐུལ།

Tibetan News Headlines

  • བོད་དང་ཧི་མཱ་ལ་ཡ། བོད་དང་འབྲས་ལྗོངས་དབར་གྱི་ཆོས་ཡོན་དང་ཆབ་སྲིད་ཀྱི་འབྲེལ་བ།

Sunday 14/04/2024

  • Tibet and the Himalayas: Unraveling Sikkim and Tibet’s Religious-Political Bonds

དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་གི་གཞུང་འབྲེལ་ Hikvision བཟོ་ལས་ཁང་གིས་བོད་གཙོས་པའི་ཤིན་ཅང་དང་ཧོང་ཀོང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་རྒྱུར་རོགས་འདེགས་བྱེད་བཞིན་པར་སྐྱོན་བརྗོད་དང་སྦྲགས། ཚོང་ལས་ཁང་དེས་བཟོ་སྐྲུན་བྱས་པའི་སོ་ལྟའི་བརྙན་མིག་རྣམས་དབྱིན་ཡུལ་ནས་ཡོངས་སུ་ཕྱིར་འཐེན་བྱ་དགོས་པའི་ཞུ་སྐུལ་གནང་འདུག

དེ་ཡང་  Free Tibet  བོད་དོན་རྒྱབ་སྐྱོར་ཚོགས་པའི་ Twitter དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་། ཁ་སང་ཕྱི་ཚེས་ ༡༣ ཉིན་དབྱིན་ཡུལ་གྲོས་ཚོགས་ནང་ Procurement Bill ཞེས་པའི་གྲོས་གཞིའི་ཐོག་ཉན་ཞིབ་ལས་རིམ་ཞིག་ཚོགས་འདུག་པ་དང་། སྐབས་དེར་དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Tim loughton ལགས་གཙོ་བོར་འགྱུར་བའི་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་གིས་ Hikvision བཟོ་ལས་ཁང་གིས་བཟོ་སྐྲུན་བྱས་པའི་བརྙན་མིག་གི་འཕྲུལ་ལས་རིགས་དེ་དག་བོད་གཙོས་པའི་ཡུ་གུར་མི་རིགས་ལ་དྲག་གནོན་སླད་བེད་སྤྱོད་གཏོང་བཞིན་པའི་འཕྲུལ་ལས་ཡིན་པར་སྐྱོན་བརྗོད་དང་འབྲེལ་བརྙན་མིག་རྣམས་དབྱིན་ཡུལ་ནས་ཕྱིར་འཐེན་བྱས་དགོས་པའི་ཞུ་སྐུལ་གནང་འདུག

སྐུ་ཞབས་ Tim loughton ལགས་ཀྱིས་རྒྱ་ནག་གཞུང་གིས་ལོ་བཅུ་ཕྲག་འགའ་ཤས་ནས་བཟུང་བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱིས་ཁོང་རྣམ་པའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་ཡོད་པ་མངོན་གསལ་དང་སྦྲགས། ལྷག་པར་རྒྱ་ནག་གཞུང་འབྲེལ་གྱི་བཟོ་གྲྭ་ Hikvision ཟེར་བ་དེ་ནི་དྲག་གནོན་གྱི་སྲིད་བྱུས་དེར་རྒྱབ་སྐྱོར་ཤུགས་ཆེར་བྱེད་མཁན་གྱི་བཟོ་ལས་ཁང་ཞིག་ཆགས་ཡོད་པ་འཐེར་འདོན་ གནང་འདུག

མ་ཟད་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Iain Duncan Smith ལགས་ཀྱིས་ཚོང་ལས་ཁང་དེ་དག་གིས་དབྱིན་ཡུལ་གཞུང་མང་གཉིས་ཀའི་བདེ་འཇགས་ལ་གནོད་འཚེ་སྐྱེལ་གྱི་ཡོད་པའི་རྣམ་པ་མངོན་གསལ་དང་།  སྒོས་སུ་རང་ཉིད་ཀྱི་རྒྱལ་ཁབ་བདེ་སྲུང་ཀྱི་གནད་དོན་ལ་གཞིགས་ནས་རྒྱ་ནག་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞིའི་ཁྱབ་ཁོངས་སུ་གཏོགས་པའི་ཚོང་ལས་ཁང་ཁག་གིས་བཟོ་སྐྲུན་བྱས་པའི་སོ་ལྟའི་བརྙན་མིག་རྣམས་གང་མགྱོགས་བཀག་སྡོམ་བྱེད་དགོས་སྐོར་ནན་བརྗོད་གནང་འདུག

གཞན་ཡང་གནད་དོན་དེ་དང་འབྲེལ་ནས་དབྱིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Bob Seely ལགས་ཀྱིས་དེ་ལྟ་བུའི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་སྤེལ་མཁན་གྱི་ཚོང་ལས་ཁང་དེ་དག་ Modern Slavery Act ཞེས་དེང་དུས་ཀྱི་བྲན་གཡོག་ལས་དོན་རིགས་འགོག་ཐབས་ཀྱི་ཁྲིམས་གཞི་དེའི་འོག་ཚོང་ལས་ཁང་དེ་དག་འཇོག་མི་ཐུབ་པའི་གནད་དོན་དང་འབྲེལ་འདྲི་རྩད་གནང་འདུག་པ་དང་། དབྱིན་ཡུལ་གྱི་ལས་ཁུངས་ཁག་གིས་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་འཕྲུལ་ལས་དེ་དག་བེད་སྤྱོད་བྱས་པ་ཡིན་ན། ཤུགས་ནས་དབྱིན་གཞུང་གིས་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་དུ་དྲག་གནོན་བྱེད་བཞིན་པར་རྒྱབ་སྐྱོར་ཞིག་ཆགས་ཀྱི་ཡོད་པར་མངོན་གསལ་གནང་འདུག དེ་བཞིན་དབྱིན་ཡུལ་གཞུང་མང་གཉིས་ཀའི་ངོས་ནས་རྒྱ་ནག་གི་དེ་ལྟ་བུའི་དྲག་གནོན་ལ་དཔལ་འབྱོར་བརྒྱུད་མཐུན་འགྱུར་གནང་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག

ཉེ་ཆར་ Tibetwatch འམ་བོད་གནས་ལྟ་ཞིབ་གིས་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་བོད་ཁམས་ཕྱོགས་ནས་བཙན་བྱོལ་ལ་འབྱོར་བའི་བོད་མི་ཞིག་ལ་དམིགས་བསལ་བཅར་འདྲི་ཞུས་པའི་ཁྲོད། ཁོང་གིས་ལྷ་སའི་བར་སྐོར་ཀྱི་ལམ་ཟུར་ཡོད་ཚད་དུ་རྒྱ་ནག་གཞུང་གིས་སོ་ལྟའི་བརྙན་མིག་ཆེད་འཛུགས་ཀྱིས་བོད་མི་ཚོར་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པ་སོགས་གསུངས་ཡོད།

གཞི་རྩའི་སྔ་ལོའི་ཟླ་བ་ ༨ ནང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་ཁུལ་དེའི་རྒྱ་ནག་གཞུང་འབྲེལ་གྱི་བཟོ་གྲྭ་ Hikvision ཟེར་བ་དེ་ནི་དྲག་གནོན་གྱི་སྲིད་བྱུས་དེར་རྒྱབ་སྐྱོར་ཤུགས་ཆེར་བྱེད་མཁན་གྱི་བཟོ་ལས་ཁང་ཞིག་ཆགས་ཀྱི་ཡོད་པ་འཐེར་འདོན་དང་འབྲེལ། བཟོ་ལས་ཁང་དེའི་བརྙན་མིག་འཕྲུལ་ལས་བརྒྱུད་པར་རིས་དང་བརྙན་རྣམས་མི་མང་གིས་ཤེས་རྟོགས་མེད་པར་རྒྱ་གཞུང་ལ་བརྒྱུད་སྤེལ་བྱེད་བཞིན་ཡོད་པའི་གནད་དོན་ཕྱིར་གྱར་བྱུང་བ་ལྟར། ཨ་རི་གཞུང་དང་དབྱིན་ཡུལ་གྱི་བདེ་སྲུང་བློན་ཆེན་ལས་ཁུངས་ནས་ཁུལ་དེར་རྒྱ་ནག་གི་བཟོ་ལས་ཁང་དེའི་བརྙན་མིག་རྣམས་བེད་སྤྱོད་གཏོང་མཚམས་འཇོག་དགོས་བར་ནན་བརྗོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།