Tibetan Royal Year of 2151 | Year of the Wood Dragon

དྲུག་བཞི་དོན་རྐྱེན་བྱུང་ནས་མི་ལོ་ ༣༥ འཁོར་བ་དང་འབྲེལ་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་འབབ་ལ་སྐྱོན་བརྗོད།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཕྱི་ལོ་ ༡༩༨༩ ལོའི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཁྲོད་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་སྣེ་ཁྲིད་གནང་མྱོང་མཁན་སྐུ་ཞབས་ Fengsuo Zhou ལགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཐོག་ལོ་ངོ་ ༣༥ འི་གོང་གི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཉིན་མོ་དེའི་སྐོར་བདེན་དཔང་ར་སྤྲོད་གནང་སྐབས། ཁོང་གིས་ཚོགས་ཆུང་མདུན་དུ་རྒྱ་ནག་གི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེའི་ཁྲོད་མེ་མདའ་ཕོག་པའི་སློབ་མར་མྱུར་སྐྱོབ་སླད་བེད་སྤྱོད་བྱས་པའི་ཁྲག་གི་ནག་ནོག་འགོས་པའི་ཨ་ཅོར་ཞིག་གཤམ་བཏོན་དང་འབྲེལ། ཨ་ཅོར་དེ་ནི་ཕྱི་ལོ་ ༡༩༨༣ ལོར་བཟོ་བ་ཞིག་རེད། དེ་ཉིན་ང་ཚོ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ནས་ཕྱིར་ལོག་བྱས་སྐབས་རྒྱ་མིས་མི་ཞིག་ལ་མེ་མདའ་རྒྱབ་ཡོད། ཨ་ཅོར་དེ་ནི་སྐབས་དེར་ཁོང་གི་ལུས་པོ་ནས་རྒྱུག་པའི་ཁྲག་ཕྱིས་རྒྱུ་ཆེད་བེད་སྤྱོད་བྱས་པ་ཞིག་ཡིན་པ་རེད། དེ་ནི་རྒྱ་ནག་གི་མི་གསོད་ཁྲག་སྦྱོར་གྱི་དཔང་རྟགས་ཞིག་རེད་ལ། མི་ཞིག་གི་ཚེ་སྲོག་དང་རེ་བའི་མཚོན་དོན་ཞིག་ཀྱང་རེད། མི་རབས་གཉིས་ནས་བརྒྱུད་པའི་དཔང་རྟགས་དེ་ནི་འདས་པའི་མི་ལོ་ ༣༣ རིང་རྒྱ་ནག་ནང་ཆེས་གསང་བ་དང་ཡིད་གཟབ་ཐོག་སྦས་ནས་བཞག་པ་ཞིག་དང་ངོས་ལ་སྔ་ལོར་ལག་འབྱོར་བྱུང་བ་ཞིག་རེད་ཅེས་གསུང་འདུག

Fengsuo Zhou

རྒྱ་ནག་གཞུང་གི་ངོས་ནས་ ༡༩༨༩ ལོའི་ཕྱི་ཟླ་ ༦ པའི་ཚེས་ ༤ ཉིན་གྱི་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་དེའི་སྐབས་མི་ ༢༠༠ ཙམ་དང་བདེ་འཇགས་མི་སྣ་བཅུ་གྲངས་ཁ་ཤས་འདས་གྲོངས་ཕྱིན་པའི་འགྲེལ་བརྗོད་དང་འབྲེལ། སྐབས་དེ་ནས་བཟུང་སྟེ་རྒྱ་ནག་དང་ཧོང་ཀོང་སོགས་ཀྱི་ནང་དུས་ཚིགས་འདི་དང་འབྲེལ་བའི་གནད་དོན་ཡོངས་རྫོགས་བཀག་སྡོམ་དང་དེ་འབྲེལ་དྲན་གསོའི་ལས་དོན་རིགས་ཡོངས་ལ་དྲག་གནོན་ཤུགས་བྱེད་བཞིན་ཡོད་ཀྱང་། དཔྱད་ཞིབ་པ་རྣམས་ཀྱིས་རྒྱ་ནག་གི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེའི་འོག་མི་བརྒྱ་ཁྲག་མང་པོའི་ཚེ་སྲོག་ཤོར་བའི་ཚོད་དཔག་བྱེད་བཞིན་པ་མ་ཟད། སྐབས་དེའི་ཚེ་དེའི་དུས་ཀྱི་དབྱིན་ཡུལ་གྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Sir Alan Donald ལགས་ཀྱིས་དོན་རྐྱེན་གྱི་ཉིན་གཅིག་རྗེས་ཏེ་ཕྱི་ཟླ་ ༦ ཚེས་ ༥ ཉིན་བཏང་བའི་གསང་བའི་ཏར་འཕྲིན་ཞིག་ཕྱི་ལོ་ ༢༠༡༧ ལོར་གཞི་ནས་ཡོངས་གྲགས་བྱུང་བ་ནང་གསལ་ལྟར་ན། དོན་རྐྱེན་དེའི་འོག་མང་ཚོགས་ཁྱོན་ཁྲི་གཅིག་ལྷག་ཙམ་འདས་གྲོངས་འགྱུར་ཡོད་སྐོར་བཀོད་ཡོད་པ་རེད།

Tianamen Massacre

དེ་ལྟ་བུའི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེ་བྱུང་ནས་ཁ་སང་མི་ལོ་ ༣༥ འཁོར་བའི་ཁྲོད། ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Antony Blinken མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་ཞིག་འདོན་སྤེལ་དང་འབྲེལ། རྒྱ་ནག་ནང་གཞི་རྩའི་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་དང་ལྐོག་ཟ་རུལ་སུངས་མཚམས་འཇོག་དགོས་པར་ཞི་བའི་སྒེར་ལངས་གནང་མཁན་མང་གཙོ་དོན་གཉེར་བ་རྒྱ་རིགས་སྟོང་ཕྲག་མང་པོར་རྒྱ་གཞུང་གིས་གཉའ་གནོན་སྡུག་སྦྱོང་བཏང་བ་དེ་དག་དྲན་གསོ་ཞུས་པ་མ་ཟད། ད་ལྟའི་ཆར་སྨྲ་བརྗོད་རང་དབང་མེད་པའི་བོད་དང་ཧོང་ཀོང་ཤར་ཏུ་ཀིས་ཏན་དུ་དྲག་གནོན་མྱོང་བཞིན་པ་རྣམས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་ཞུས་འདུག

མ་ཟད་ཁོང་གིས་ཨ་རིའི་ངོས་ནས་མུ་མཐུད་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མཉམ་ལས་ཐོག རྒྱ་ནག་གིས་རྒྱལ་ཁབ་ནང་ཙམ་མ་ཟད་རྒྱལ་མཚམས་བརྒལ་ནས་མང་ཚོགས་ལ་དྲག་གནོན་བྱས་པའི་ལས་དོན་མཐའ་དག་ལ་གདོང་ལེན་མུ་མཐུད་བྱ་རྒྱུའི་ཁས་ལེན་དམ་བཅའ་བཞག་པ་དང་ཆབས་གཅིག   རྒྱ་ནག་གཞུང་ནས་དེ་སྔ་མཉམ་སྦྲེལ་རྒྱལ་ཚོགས་ནས་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་སྐབས་ཕུལ་བའི་སྙན་ཐོ་གཞིར་བཟུང་ཁྲིམས་མཐུན་མིན་པའི་སྒོ་ནས་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཁྲལ་དུ་གློད་བཀྲོལ་གཏང་དགོས་པ་གསུངས་འདུག

Tianamen Massacre

དེ་བཞིན་ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ཕྱོགས་སུ་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་དང་ཡུན་རིང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ Nancy Pelosi མཆོག་གི་དབུས་པའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་འཐུས་མི་ཁག་གཅིག་དབུ་བཞུགས་ཀྱིས་གསར་འགོད་གསལ་བསྒྲགས་ཞིག་སྤེལ་བའི་ཐོག ལྕམ་སྐུ་ Pelosi མཆོག་གིས་དེ་སྔ་ཁོང་སྥྱི་ལོ་ ༡༩༩༡ ལོར་དྲུག་བཞི་དོན་རྐྱེན་བྱུང་སའི་ས་ཚིགས་སུ་ཕེབས་ཏེ་འཕྲེད་དར་ཕྱར་བའི་དུས་སྐབས་དེ་ཉིད་ཕྱིར་དྲན་གྱིས། ང་ཚོ་ཨ་རིའི་མི་སེར་ཡིན་པའི་ཆ་ནས་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་སྐོར་གླེང་སློང་གནང་དགོས་པ་དེ་ལྟར་ཡང་གལ་ཏེ་ཚོང་འབྲེལ་གྱི་རྒྱུ་མཚན་དུ་བྱས་ནས་དེ་ལྟར་མ་གནང་ཚེ་ང་ཚོས་འཛམ་གླིང་ས་ཕྱོགས་གང་དུ་ཡང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་ཆོག་པའི་བཟང་སྤྱོད་ཀྱི་འོས་འགན་དེ་ཤོར་རྒྱུ་ཡིན་པ་གསུངས་འདུག

དེ་བཞིན་སྐབས་དེར་ Illinois མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Raja Krishnamoorthi ལགས་ཀྱིས་གཞི་རྩའི་རང་དབང་དོན་དུ་བཞེང་མཁན་སུ་ཡིན་ནའང་དེར་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཞུས་པ་དང་འབྲེལ། དེ་རིང་ང་ཚོས་སྐད་ཤུགས་གཅིག་ཏུ་བོད་ནང་དུ་ཆོས་རིག་རྩ་གཏོར་གྱི་ངན་བྱུས་དང་། ཤར་ཏུ་ཀིས་ཏན་ནང་དུ་ཡུ་གུར་མི་རིགས་སྡེབ་གསོད། རྒྱ་ནག་ནང་དུ་དྲུག་བཞི་དོན་རྐྱེན་གྱི་གནད་དོན་སོགས་ཀྱི་ཐད་དུས་ད་ནས་བཟུང་ཁ་ཁུ་སིམ་པོ་རྩ་བ་ནས་སྡོད་ཀྱི་མིན་ཞེས་བསྒྲགས་གཏམ་སྤེལ་འདུག

Tianamen Massacre

དེ་བཞིན་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ David Cameron མཆོག་གིས་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་ཚེ་སྲོག་ཤོར་བའི་མང་ཚོགས་ཀུན་ལ་རྗེས་དྲན་ཞུས་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་རང་དབང་རྩོད་ལེན་པ་རྣམས་ལ་རྒྱབ་སྐྱོར་ཡོད་པ་གསལ་འདོན་གནང་འདུག

མ་ཟད་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་ Penny Wong ལགས་ཀྱིས་ཀྱང་ཉིན་མོ་དེ་དྲན་གསོ་ཞུས་པ་དང་འབྲེལ། ཨོ་གླིང་གཞུང་ནས་དུས་རྟག་ཏུ་རྒྱ་ནག་ནང་སྨྲ་བརྗོད་དང་འདུ་འཛོམས། དེ་བཞིན་ཆབ་སྲིད་ཀྱི་རང་དབང་མེད་པར་སེམས་འཚབ་ཡོད་པ་དང་། རྒྱ་གཞུང་ནས་ཡུལ་དེའི་མང་ཚོགས་ཀྱིས་སྨྲ་བརྗོད་རང་དབང་གཙོས་པའི་འདུ་འཛོམས་རང་དབང་དང་གསར་འགོད་རང་དབང་རྡོག་རོལ་གཏོང་བཞིན་པ་དག་ཁྲལ་དུ་མཚམས་འཇོག་དགོས་པ་མ་ཟད། ཞི་རྒོལ་གནང་བའི་རྐྱེན་གྱིས་བཙོན་འཇུག་བྱས་པ་རྣམས་གློད་བཀྲོལ་དགོས་པའི་ཞུ་སྐུལ་གནང་འདུག

Tianamen Massacre

ཡང་དེའི་བར་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་ནས་མི་ལོ་ ༣༥ འཁོར་བའི་ཉིན་མོ་དང་བསྟུན་ Reporters Without Borders ཞེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ Circle 19 Group ཞེས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་གནས་ཚུལ་མཁོ་སྒྲུབ་ཀྱི་རང་དབང་ཆེད་དུ་ཕྱག་ལས་གནང་མཁན་གྱི་གསར་འགོད་པའི་རུ་ཁག་གི་ངོས་ནས་རྩ་འཛིན་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ Right to Information ཞེས་གནས་ཚུལ་མཁོ་སྒྲུབ་ཀྱི་རང་དབང་དེ་ཉིད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་ལག་བསྟར་ཚད་ལྡན་དགོས་པ་དང་། མངོན་འདོད་དེ་ནི་རྒྱ་ནག་གིས་དྲག་གནོན་བྱས་སའི་དྲུག་བཞི་དོན་རྐྱེན་གྱི་ལས་འགུལ་བ་ཚོའི་དགོས་འདུན་གཙོ་བོ་དེ་ཡིན་པ་འགྲེལ་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།