Tibetan Royal Year of 2151 | Year of the Wood Dragon

བཀའ་ཟུར་བཀྲིས་དབང་འདུས་མཆོག་གི་ཕྱག་དེབ་དབུ་འབྱེད།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

བོད་རང་བཙན་ཡིན་པའི་སྐབས་བོད་ནང་འཁྲུངས་པའི་མི་རབས་མཐའ་མའི་གྲས་དང་། བཙན་བྱོལ་ནང་དེང་དུས་ཀྱི་སློབ་སྦྱོང་རྗེས་སུ་སྐབས་དེའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་དབུ་འོག་སྲིད་ཞུ་འགྲུབ་མཁན་ཐོག་མའི་གྲས་ཡིན་པ་བཀའ་ཟུར་བཀྲིས་དབང་འདུས་ལགས་ཀྱིས་ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་ My Life: Born in Free Tibet Served in Exile ཞེས་རང་དབང་བོད་ཡུལ་དུ་སྐྱེས། བཙན་བྱོལ་དུ་སྲིད་ཞུ་གྲུབ་ཞེས་པའི་ཕྱག་དེབ་ཞིག་གསར་དུ་འདོན་སྤེལ་གནང་སོང་བ་དང་། བཀའ་ཟུར་མཆོག་གིས་སྐབས་དེར་ཕྱག་དེབ་དེ་ནི་ཁོང་གིས་རྒྱལ་བའི་བཀའ་མ་གྲུབ་པ་གཅིག་རང་ཡོད་པ་དེ་ད་ཆ་གཞི་ནས་གྲུབ་ཡོད་པ་ཞིག་ལ་འགྲེལ་བརྗོད་གནང་སོང་།

Kasur Tashi Wangdue
Photo: LTWA

བཀའ་ཟུར་བཀྲིས་དབང་འདུས་མཆོག་ནི་བོད་ལ་དུས་འགྱུར་བྱུང་རྗེས་ཨ་རུ་ན་ཅལ་བརྒྱུད་ནང་མི་སྐུ་འཁོར་དང་ལྷན་རྒྱས་བྲོས་བྱོལ་དུ་ཕེབས་རྗེས་མི་ས་མ་རི་ནས་འདེམས་གྲུག་གིས་བཙན་བྱོལ་ནང་གི་སློབ་གྲྭ་ཐོག་མ་མ་སུ་རི་བུ་ཁྱིམ་གྱི་སློབ་མ་དང་པོའི་གྲས་དང་། གཞི་རིམ་སློབ་གྲྭ་ཟིན་རྗེས་ ༡༩༦༠ རེ་གྲངས་ནང་དབྱིན་ཡུལ་དུ་མཐོ་རིམ་སློབ་སྦྱོང་ཆེད་དུ་ཕེབས་ཏེ་ཕྱིས་སུ་བོད་གཞུང་ལ་ཞབས་སྤྱི་ཞུ་ཆེད་རྡ་རམ་ས་ལར་ཕྱིར་ལོག་གནང་བའི་བོད་མི་དང་པོའི་གྲས་ཞིག་ཡིན་པ་རེད། སྤྱི་ལོ་ ༡༩༦༧ ལོར་བོད་གཞུང་ནང་སྲིད་ལས་ཁུངས་སུ་སྡེ་འགན་ཐོག་འཛུལ་བཞུགས་ཀྱིས་འདས་པའི་མི་ལོ་ ༤༠ ལྷག་ཙམ་སྲིད་ཞུ་གྲུབ་པའི་བརྒྱུད་རིམ་ཁྲོད། ལོ་ ༡༧ རིང་དཔལ་འབྱོར་མ་གཏོགས་བོད་གཞུང་གི་ལྷན་ཁང་ཡོངས་ཀྱི་བཀའ་བློན་གྱི་ཐུགས་འགན་བཞེས་མྱོང་ཡོད་པ་མ་ཟད། ལོ་ ༡༡ རིང་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་པ་གཙོས་རྒྱ་གར་ཕྱི་ནང་གཉིས་སུ་སྲིད་ཞུ་བའི་ལས་དོན་སྣ་མང་གྲུབ་མྱོང་མཁན་ཞིག་རེད།

དེ་རིང་བོད་ཀྱི་དཔེ་མཛོད་ཁང་གི་མཐུན་འགྱུར་འོག་བཀའ་ཟུར་མཆོག་གི་ཕྱག་དེབ་དབུ་འབྱེད་སྐབས། སྐུ་མགོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག གཞན་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པ་དང་། བོད་མའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་དང་དྲུང་ཆེ་རྣམ་པ་གཙོས་གཞུང་ཞབས་ལས་ཟུར་གནས་ཡོད་མང་དག་ཞིག་ཆེད་ཕེབས་གནང་འདུག

Kasur Tashi Wangdue
Photo: LTWA

བཀའ་ཟུར་བཀྲིས་དབང་འདུས་མཆོག་གིས་སྐབས་དེར་ཞལ་ཤོབ་དང་སྦྲགས། ཁོང་ཕྱི་ལོ་ ༢༠༡༡ ལོའི་ནང་བཀའ་བློན་ཁྲི་པའི་འོས་མིའི་ཁོངས་སུ་བཞེངས་ཏེ་འོས་ཤོར་རྗེས་རང་ཉིད་ཀྱི་བུའི་ཕྱག་རོགས་ཐོག་ནས་ཕྱག་དེབ་དེ་ཐོག་མར་བྲིས་རྒྱུ་དབུ་འཛུགས་གནང་ཡོད་པ་དང་། ཕྱག་དེབ་དེ་ནི་ཁོང་གི་སྐུ་ཚེ་ཧྲིལ་པོ་རིང་རྒྱལ་བའི་བཀའ་མ་གྲུབ་པ་གཅིག་རང་ལྷག་ནས་ཡོད་པ་དེ་ད་ཆ་གཞི་ནས་སྒྲུབ་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང་། ཁོང་གི་ཡར་གསོལ་འདེབས་ཞུ་མི་དགོས་པར་༸གོང་ས་མཆོག་གིས་ཕྱག་དེབ་དེའི་སླད་དམིགས་བསལ་གསུང་འཕྲིན་ཞིག་གསོལ་སྩལ་གནང་སྐབས་མིག་ནས་འཆི་མ་ཐོན་ཡོད་པ་གསུངས་སོང་།


སྐབས་དེར་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཚོར་བ་ཆེན་པོའི་སྒོ་ནས་ཕྱག་དེབ་དེའི་ནང་གསལ་ཚན་པ་ཞིག་ཟུར་འདོན་དང་འབྲེལ། དེ་རིང་གི་དུས་ཚིགས་དེའི་ཐོག་ནས་བཀའ་ཟུར་མཆོག་གིས་སྐུ་ཚེ་ཧྲིལ་པོ་༸གོང་ས་མཆོག་དང་བོད་གཞུང་ཆེད་བཏང་བ་དེའི་རྒྱབ་ཏུ་ཁོང་གི་སྐུ་ཟླ་བདེ་སྐྱིད་ལགས་དམ་པ་དེ་ཉིད་དང་བུ་ཕྲུག་རྣམས་ཀྱི་བློས་བཏང་རྣམས་རྗེས་སུ་དྲན་པའི་ཐོག་སྐུ་ངོ་མཆོག་གི་མི་ལོ་ ༤༠ རིང་གི་མཛད་རྗེས་ལ་ཡིད་རངས་བསྔགས་བརྗོད་ཞུས་པ་མ་ཟད། ལོ་རབས་གཞོན་པ་རྣམས་ཀྱིས་བཀའ་ཟུར་བཞིན་ལོ་ངོ་ ༤༠ གནང་མ་ཐུབ་ནའང་ལོ་ལྔ་ཚན་བཅུ་ཚན་བྱས་ཏེ་བོད་ཀྱི་རྩ་དོན་ཆེད་ནུས་པ་མཉམ་སྤུངས་གནང་དགོས་པ་གསུངས་སོང་།

Kasur Tashi Wangdue

ཕྱོགས་མཚུངས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཟུར་མཆོག་གིས་རྒན་དྲུང་གི་གནས་རིམ་ནས་ཐེགས་པ་རིམ་འཛེགས་ཀྱིས་བཀའ་བློན་གྱི་གོ་གནས་བར་དུ་སྲིད་ཞུ་གྲུབ་པའི་རླབས་ཆེན་མཛད་རྗེས་ལ་རྗེས་སུ་ཡིད་རང་ཞུས་པ་དང་འབྲེལ། བོད་མི་གཞོན་སྐྱེས་ཚོས་རྒན་རབས་རྣམས་ཀྱིས་༸གོང་ས་མཆོག་གི་དབུ་བོ་དཔུང་འདེགས་གིས་བོད་ཀྱི་རྩ་དོན་སླད་སྐུ་ལས་ཇི་ཙམ་བསྐྱོན་པ་དང་བློས་བཏང་ཇི་ཙམ་གནང་བ་མཁྱེན་པ་དགོས་ཏེ། གནས་སྟངས་གང་འདྲ་ཞིག་བྱུང་ཡང་སེམས་ཤུགས་རྩ་བ་ནས་ཆགས་རྒྱུ་མེད་པའི་སྐུལ་མ་གནང་བ་དང་ཆབས་གཅིག དེ་རིང་འདོན་སྤེལ་གནང་བའི་ཕྱག་དེབ་རེ་བའི་མཚོན་བྱེད་ཞིག་ལ་གཟིགས་ཀྱི་ཡོད་པ་གསུངས་སོང།

མ་ཟད་སྲིད་སྐྱོང་མཆོག་གིས་ནང་དོན་ཁ་གསལ་མ་གསུངས་ཡང་ཕྱག་དེབ་ནང་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁག་གཅིག་གི་ཐོག་འདས་པའི་མི་རབས་གཞན་ཁག་གཅིག་གི་བྲིས་པའི་ལོ་རྒྱུས་དང་ཐ་དད་ཀྱི་གནས་སྟངས་འདི་འདྲ་ཡང་ཡོང་སྲིད་ཀྱང་། གནས་སྟངས་སོ་སོར་གང་ཟག་སོ་སོའི་གཟིགས་ཕྱོགས་ཡིན་སྟབས་ཕྱག་དེབ་ཀྱི་ནང་དོན་སྤྱིའི་དགེ་ཚན་ལ་དགོངས་པ་བཞེས་རྒྱུ་གལ་ཆེ་ཡིན་པ་གསུང་སོང་།

Kasur Tashi Wangdue
Photo: tibet.net

རྩ་བའི་བཀའ་ཟུར་མཆོག་གི་ཕྱག་དེབ་དེའི་ནང་ཆུང་དུས་བོད་ནང་གི་ལོ་རྒྱུས་དང་། བཙན་བྱོལ་དུ་སློབ་སྦྱོང་གི་བརྒྱུད་རིམ། དགའ་ལྡན་ཕོ་བྲང་གཞུང་གི་ནང་དུ་སྲིད་ཞུ་གྲུབ་པའི་དོན་གཅོད་དང་བཀའ་བློན་གྱི་ཐུགས་འགན་བསྟུད་མར་བཞེས་པའི་ལོ་རྒྱུས། བོད་རྒྱ་འབྲེལ་མོལ་གྱི་གནད་དོན། དེ་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་༸གོང་ས་མཆོག་གི་ཆིབས་ཞབས་ཁོངས་སུ་ཕེབས་མྱོང་ཡོད་པའི་གནད་དོན་དང་ལོ་རྒྱུས་ཞིབ་ཕྲ་བཀོད་པ་མ་ཟད། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་ཕྱག་དེབ་ Kalimpong གི་ཐུགས་བཟོ་བའི་ནང་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་འབྲེལ་བཀའ་ཟུར་མཆོག་དང་འབྲེལ་བའི་གནད་དོན་ཁག་གཅིག་སྐྱོན་གནང་བ་དེ་དག་ལ་གསལ་བཤད་ཞུས་གནང་འདུག བཀའ་ཟུར་མཆོག་གིས་ཕྱག་དེབ་དེའི་ནང་གནད་དོན་གང་བཀོད་པའི་ཐོག་སྐབས་དེའི་ཚེ་དེའི་དུས་ཀྱི་མི་སྣར་བཀའ་འདྲི་སོགས་ཞུས་ཏེ་གནས་ཚུལ་ངོ་མ་ཇི་བཞིན་བྲིས་ཐབས་གནང་བ་དང་། སྐྱོན་དང་ནོར་འཁྲུལ་གང་ཡོད་པའི་འགན་བཀའ་ཟུར་མཆོག་ལ་མ་གཏོགས་དཔེ་མཛོད་ཁང་ལ་མེད་པ་གསུངས་སོང་།

Kasur Tashi Wangdue
Photo: tibet.net

དེ་རིང་བཀའ་ཟུར་མཆོག་གི་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོ་དེའི་ཕྱག་དེབ་པར་བསྐྲུན་གནང་མཁན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བཀའ་ཟུར་མཆོག་གིས་རྩ་བའི་འཆར་རང་ཉིད་ཀྱི་སྐུ་ཚེ་ལོ་རྒྱུས་བྲིས་པ་དེ་དཔེ་མཛོད་ཁང་གི་ཡིག་ཚགས་ཁོངས་སུ་བཞག་དགོས་པའི་དགོངས་ཚུལ་བཏོན་པར་ལྟོས་མེད་རླབས་ཆེན་གྱི་མཛད་རྗེས་དེ་ལྟ་བུ་ཡོད་པའི་བཀའ་ཟུར་མཆོག་གི་རང་རྣམ་དེ་སྲིད་ཞུ་བ་གཞོན་པ་ཚོས་གཙོས་གཞོན་སྐྱེས་ཚོས་མཁྱེན་རྒྱུ་གལ་ཆེན་པོ་ཡིན་པ་ལྟར། དེབ་གཟུགས་སུ་བསྐྲུན་པ་ཞིག་ཡིན་པ་མ་ཟད་ཕྱག་དེབ་དེ་དབྱིན་ཡིག་ནང་བྲིས་ཡོད་ཀྱང། དཔེ་མཛོད་ཁང་ནས་བོད་ཡིག་ལ་ཕབ་བསྒྱུར་གྱི་ལས་དོན་དབུ་འཛུགས་ཟིན་ཡོད་པ་གསུངས་སོང་ལ། དེ་རིང་གི་མཛད་སྒོའི་ཐོག་ཕེབས་པའི་སྐུ་སྣ་གྲས་པའི་སྐུ་མགྲོན་རྣམས་ཀྱིས་ཀྱང་རང་གི་ལོ་རྒྱུས་བྲིས་པའང་སྒྲ་མཇུག་བྱ་རྒྱུ་མཚོན། དཔེ་མཛོད་ཁང་གི་ངག་རྒྱུན་སྡེ་ཚན་ལ་ཐུགས་སྣང་གིས་ལོ་རྒྱུས་གསུང་དགོས་པའི་འབོད་སྐུལ་གནང་སོང་།

Kasur Tashi Wangdue

འབྲེལ་ཡོད་གསར་གནས།

གསར་གནས།