དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བཞི་པའི་ཚོགས་ཐུན་གཉིས་པའི་ཐོག་རྩིས་ལོ ༢༣ དང་ ༢༤ ལོའི་བཀའ་དྲུང་ཡིག་ཚང་གི་རྒྱུན་གྲོན་དང་འབྲེལ་ནས་བཀའ་ཤག་གི་ལས་དོན་གནང་ཕྱོགས་ཐོག་འདྲི་རྩད་དང་ལན་འདེབས་གསལ་བཤད་གནང་སྐབས་ཐེངས་འདིའི་གྲོས་ཚོགས་སུ་བཀའ་བློན་བསྐོ་གཞག་དང་འབྲེལ་བའི་ལམ་ཁ་གཙང་མ་ཞིག་ཆགས་ན་བཀའ་བློན་གྱི་འོས་མི་འདོན་རྒྱུར་སྐུ་ལས་གང་ཡང་མེད་པས་ལས་དོན་ལ་འཐུས་ཤོར་འགྲོ་བར་དགོངས་ཚེ་བཀའ་བློན་གྱི་འོས་མི་འདོན་སྐབས་རྒྱབ་སྐྱོར་གནང་དགོས་ཞེས་གསུངས་སོང་།

ཁ་སང་གི་གྲོས་ཚོགས་སུ་བོད་མི་མང་སྤྱི་འཐུས་གཉིས་ཀྱིས་བཀའ་བློན་གྱི་ལས་ཀ་ཆ་བགོས་དང་སྲིད་སྐྱོང་གིས་ལྷན་ཁང་བཞིའི་ཐུགས་འགན་བཞེས་ཀྱི་ཡོད་སྟབས། ལས་དོན་ལ་འཐུས་ཤོར་འགྲོ་ངེས་དང་། དེ་བཞིན་བཀའ་བློན་བསྐོ་གཞག་གནང་མ་ཐུབ་པ་དང་འབྲེལ་བའི་སྐོར་ལ་དགོངས་ཚུལ་ཕེབས་དོན་ལྟར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཛིན་སྐྱོང་བཀའ་ཤག་ལ་བཀའ་བློན་ཆ་ཚང་མེད་པའི་རྒྱུ་མཚན་གྱིས་ལས་དོན་ལ་འཐུས་ཤོར་འགྲོ་མེད་པ་དང་སྲིད་སྐྱོང་གིས་འགན་བཞེས་པའི་ལྷན་ཁང་རྣམས་སྤྱི་ཚོགས་བདེ་དོན་དང་འབྲེལ་ནས་ཡོད་པས་ས་གནས་སུ་ཕྱོགས་སྐྱོད་གནང་སྐབས་དང་མང་ཚོགས་ཀྱི་བདེ་དོན་ལ་གཟིགས་རྟོག་གནང་སྐབས་དུས་གཅིག་ལ་གནང་ཐུབ་པ་ཞིག་ཡིན་སྐོར་གསུངས་པ་དང་ཆབས་ཅིག བཀའ་བློན་དགོས་པའི་དགོངས་ཚུལ་ཕེབས་དོན་ལྟར་འཛིན་སྐྱོང་བཀའ་བཤག་ནས་བཀག་པ་ཞིག་ཡིན་པར་གྲོས་ཚོགས་ཀྱི་དགོངས་པ་བཞེས་ཕྱོགས་ལས་བྱུང་བ་ཞིག་ཡིན་སྟབས། ཐེངས་འདིའི་གྲོས་ཚོགས་སུ་བཀའ་བློན་བསྐོ་གཞག་དང་འབྲེལ་བའི་ལམ་ཁ་གཙང་མ་ཞིག་ཆགས་ཚེ་བཀའ་བློན་གྱི་འོས་མི་འདོན་རྒྱུར་སྐུ་ལས་གང་ཡང་མེད་ལས་དོན་ལ་འཐུས་ཤོར་འགྲོ་བར་དགོངས་ཚེ་བཀའ་བློན་གྱི་འོས་མི་འདོན་སྐབས་རྒྱབ་སྐྱོར་གནང་དགོས་ཞེས་གསུངས་ཡོད།
བོད་མི་སུད་ཚོང་གཉེར་མཁན་གྱི་སྡེ་ཁག་དེ་དག་གལ་ཆེན་དང་མ་འོངས་སུད་ཚོང་བའི་ཆེད་དུ་ཐབས་བྱུས་ཅི་ཞིག་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་གོང་ནས་བོད་མི་རྣམས་ཀྱིས་སོ་ནམ་འདེབས་ལས་དང་གོ་ཕྱུགས་གསོ་སྐྱོང་། སུད་ཚོང་གི་འཚོ་ཐབས་བཅས་མཉམ་དུ་གཉེར་བཞིན་ཡོད་པ་རེད། སུད་ཚོང་ཚོགས་པའི་སྒྲིག་འཛུགས་ནས་ལུ་དྷི་ཡ་ནར་ཁང་པ་གསར་རྒྱག་ཞུ་རྒྱུ་ཡིན་སྐོར་གྱི་ལས་འཆར་ཕུལ་དོན་ལྟར་ས་ཁང་གི་བདག་དབང་སོགས་ལ་ཞིབ་དཔྱོད་ཀྱིས་སྒྲིག་འཛུགས་ནས་བརྒྱ་ཆ་ག་ཚོད་ཙམ་རོགས་རམ་གནང་དགོས་མིན་གཟིགས་རྒྱུ་ཡིན་སྐོར་དང་། སུད་ཚོང་བའི་ཁྲོམ་སའི་དཀའ་ངལ་དང་འབྲེལ་ནས་འཕགས་བོད་འབྲེལ་མཐུད་ལས་ཁུངས་སུ་རྒྱ་གར་དབུས་ས་གཉིས་ལ་འབྲེལ་ལམ་གནང་ཐུབ་མཁན་གང་ཞིག་ཧིན་སྐད་བདེ་བའི་ལས་བྱེད་གཉིས་པ་དེ་གང་མགྱོགས་བསྐོ་འཆར་ཡོད་ཅེས་གསུངས་པ་དང་འབྲེལ། གཞིས་ཆགས་སོ་སོའི་ནང་ཡུལ་སྐོར་སྤྲོ་འཆམ་པ་ཕེབས་སའི་ཁོར་ཡུག་བསྐྲུན་ནས་ཚོང་ལས་གཉེར་རྒྱུ་ལས་གཞི་མང་དུ་གཏོང་རྒྱུའི་དགོངས་པ་ཡོད་པར་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིར་བསྐྱར་སྒྲིག་དགོས་པའི་དགོངས་ཚུལ་ཕེབས་དོན་ལྟར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིར་འགྱུར་བ་གཏོང་རྒྱུའི་ལས་དོན་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་ལ་ཡོད་ཀྱང་འཛིན་སྐྱོང་བཀའ་ཤག་གིས་དུས་ཐུང་དང་དུས་འབྲིང་གི་འཆར་གཞི་གྲ་སྒྲིག་ཡོད་པ་དང་། ང་ཚོའི་གནས་སྟངས་ལ་འགྱུར་ལྡོག་ཕྱིན་པ་ལྟར་འགྱུར་བ་གནང་རྒྱུ་གྲོས་ཚོགས་ལ་སྐུ་དབང་ཡོད་སྟབས་འགན་བཞེས་མཁན་ཚང་མས་གནད་དོན་དེར་འགན་བཞེས་དགོས་པ་ཞིག་ཡིན་པར་གསུངས་ཡོད།
དེ་རིང་གི་གྲོས་ཚོགས་སུ་ལས་བྱེད་གསར་བསྐོ་དང་གསོ་སྐྱོང་། བོད་མི་ཆེད་ལས་དང་བླངས་ཞབས་ཞུ་སོགས་ཀྱི་གནད་དོན་སྐོར་དོགས་འདྲི་ཕེབས་དོན་ལྟར་སྲིད་སྐྱོང་མཆོག་གིས་བོད་མི་སྒྲིག་འཛུགས་ནས་གསལ་བསྒྲགས་གནང་བ་བཞིན་རྒྱ་གར་ནང་གནས་བཞུགས་བོད་རིགས་ཉི་ཤུས་ཞུ་སྙན་ཕུལ་བ་ལས་ཕྱི་རྒྱལ་ཁག་ནས་དེ་ལྟར་བྱུང་མེད་ཀྱང་། ད་ལྟའི་ཆར་ཕྱི་རྒྱལ་ནས་ཡིན་པའི་བོད་རིགས་གཞོན་སྐྱེས་གཉིས་གློག་ཀླད་སྡེ་ཚན་དུ་ཕྱག་ལས་གནང་མུས་ཡིན་པ་དང་ཆེད་ལས་དང་བླངས་ཞབས་ཞུ་པར་འཛུལ་ཞུགས་གནང་མཁན་གྱི་མི་སྣ་ཉི་ཤུ་རྣམས་ཕྱི་ཟླ་བཞི་པ་ནས་ལས་དོན་དབུ་འཛུགས་གནང་རྒྱུ་ཡིན་སྐོར་གསུངས་སོང་།
དེ་རིང་གི་གྲོས་ཚོགས་སུ་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན་བཀོད་ཕྱོགས་དང་ལུང་འདྲེན་གནང་ཕྱོགས་སོགས་དང་འབྲེལ་ནས་འདྲི་རྩད་རིམ་པ་གནང་བར་མ་ཟད། ཨ་རི་དོན་ཁང་དུ་བོད་རིགས་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གི་གནད་དོན་ཐོག་ལའང་བགྲོ་གླེང་ལྷུག་པོ་གནང་ཡོད། པར་བདག་དབང་བོད་མི་མང་སྤྱི་འཐུས་ལྷན་ཚོགས།