བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་ ༧ ནས་ ༩ བར་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ། དེ་བཞིན་བདེ་མཆོག་ནག་པོ་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་དང་། རིང་མིན་བོད་མིའི་སྒྲིག་འཛུགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག

ཟླ་བ་འདིའི་ཕྱི་ཚེས་ ༧ སྟེ་བོད་ཟླ་ ༡ པོའི་ཚེས་ ༡༥ ཉིན་ཆོ་འཕྲུལ་དུས་ཆེན་དང་སྟབས་བསྟུན། དེ་ཚེས་སྔ་དྲོ་ཕྱག་ཚོད་ ༨ པ་ཡས་མས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། དེ་བཞིན་དེ་སྔོན་སོག་པོའི་ཨ་ལན་པཱ་ཐར་གྱི་ Ulaanbaatar གྱི་དགའ་ལྡན་ཐེག་ཆེན་གླིང་དགོན་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཕྱི་ཚེས་ ༨ དང་ ༩ བཅས་ཉིན་གཉིས་ཀྱི་རིང་བདེ་མཆོག་ནག་པོ་བའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་དེ་ཡང་ཕྱི་ཚེས་ ༨ ཉིན་བདེ་མཆོག་ནག་པོ་བའི་བཀའ་དབང་གི་སྟ་གོན་དང་། ཚེས་ ༩ ཉིན་བདེ་མཆོག་ནག་པོ་བའི་དབང་གི་དངོས་གཞི་བཅས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།
ཕྱོགས་མཚུངས་དེ་སྔོན་ཕྱི་ཟླ་ ༢ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དོན་ལྟར། བོད་རྒྱལ་ལོ་ ༢༡༥༠ བོད་ཟླ་ ༡ ཚེས་ ༢༣ སྟེ་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ གཟའ་ཚེས་དགེ་བའི་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་ཞུས་ཏེ། བོད་མིིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོ་བརྟན་ཕྱིར་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། གཞུང་བསྟེན་དགྲ་ལྷ་གནས་ཆུང་ཆོས་རྒྱལ་ཆེན་མོའི་བཀའ་ལུང་ཕེབས་སྒོར། མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་ཆེད་འཕགས་པའི་བསྟོད་ཆེན་དང་འབྲེལ་མ་ཎི་ཡིག་དྲུག་མ་དུང་ཕྱུར་དང་། ཏཱ་རེའི་བསྟོད་པ་དང་འབྲེལ་སྒྲོལ་མའི་གཟུངས་སྔགས་འབུམ་ཐེར། ༸རྒྱལ་བཀའ་དག་ཐོན། ༸རྒྱལ་བ་ཚེ་དཔག་མེད་ཀྱི་གཟུངས་སྔགས། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། སྲོག་བླུ་གང་མང་། ཞེས་བསྩལ་ཡོད་པར། དགོན་སྡེ་གྲྭ་ཚང་དང་། གཞུང་འབྲེལ་དང་གཞུང་ཁོངས་མིན་པའི་ཚོགས་སྡེ། མི་སྒེར་བ་བཅས་ནས་རང་ནུས་གང་ལྕོགས་ཀྱིས་སྨིན་སྒྲུབས་གྱིས་པའི་སྒྲུབ་ཐོ་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༣ འགྱངས་མེད་ཆོས་རིག་ལས་ཁུངས་སུ་ཕུལ་འབྱོར་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།