Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་བོད་མིའི་ཁྲོད་ཆབ་སྲིད་ནི་རང་བཞིན་ལྷན་སྐྱེས་སུ་ཡོད་པ།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

དེ་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ཌི་པོ་ལོ་གསོལ་མགྲོན་ཁང་དུ་ཁེ་ན་ཌའི་ Ontario ཨོན་ཊེ་རི་ཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་དང་སུད་སིའི་ Oetwil am See གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས་རྣམ་གཉིས་གདན་ཞུ་ཐོག་ཆབ་སྲིད་མི་སྣ་དང་འབྲེལ་ལམ་བསྐྱང་ཕྱོགས་སྐོར་གཏམ་བཤད་དང་དྲི་བ་འདྲི་ལན་གྱི་ལས་རིམ་ཚོགས་སོང་། 

TYF Day 2

དེ་ཡང་ཁ་སང་ཕྱི་ཚེས་ ༣ ནས་དབུ་འཛུགས་ཀྱིས་བཞུགས་སྒར་དུ་རྒྱ་གར་གཙོས་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༡༣ ནས་ཕེབས་པའི་བོད་རིགས་གཞོན་སྐྱེས་ཚོགས་བཅར་བ་མི་གྲངས་ ༡༠༠ ལྷག་མཉམ་ཞུགས་ཀྱིས་རྒྱལ་སྤྱིའི་བོད་ཀྱི་ན་གཞོན་ཚོགས་ཆེན་ཐེངས་གཉིས་པ་ཚོགས་བཞིན་ཡོད་པ་ལྟར། དེ་རིང་ཚོགས་ཆེན་ཉིན་གཉིས་པའི་ཚོགས་ཐུན་གཉིས་པར་ཁེ་ན་ཌའི་ Ontario ཨོན་ཊེ་རི་ཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་དང་ཨེཌ་ཝིལ་ཨེམ་སིའི་གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས་རྣམ་གཉིས་ཀྱིས་ཆབ་སྲིད་མི་སྣ་དང་འབྲེལ་ལམ་བསྐྱང་ཕྱོགས་སྐོར་གཏམ་བཤད་མ་གནང་གོང་ཐོག་མར་ཁོང་གཉིས་རང་ཉིད་གནས་སྡོད་གནང་ཡུལ་ས་གནས་ཀྱི་འོས་བསྡུའི་ཆབ་སྲིད་ལ་ཞུགས་པའི་ཀུན་སློང་ཅི་ཡིན་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་སོང་།

སྐབས་དེར་བུ་ཁྲིད་དཀར་པོ་ཆེ་ལགས་ཀྱིས་ཁོང་ཐོག་མ་ཕྱི་ལོ་ ༢༠༡༨ ལོར་ཁེ་ན་ཌའི་ Parkdale-High Park ས་གནས་གྲོས་ཚོགས་ཀྱི་འཐུས་མིར་འདེམས་ཐོན་བྱུང་སྐབས་ཕྱིའི་རྒྱལ་ཁབ་ཁག་དང་ལྷག་པར་དུ་བྱང་ཨ་རི་ནང་དུ་བོད་རིགས་གཅིག་དེ་ལྟ་བུའི་ཆབ་སྲིད་ཀྱི་སྡིངས་ཆ་ཆེ་གྲས་ནང་ཕེབས་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་མང་དག་ཅིག་གིས་དེར་དམིགས་བསལ་དོ་སྣང་ཆེན་པོ་གནང་སྟེ་ཁོང་ལ་དྲིས་པའི་དྲི་བ་མང་ཆེ་བ་དེ་ཁོང་ཆབ་སྲིད་ཀྱི་ནང་དུ་འཛུལ་ཞུགས་གང་འདྲ་གནང་མིན་སྐོར་ལ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཁོང་སྒེར་ལ་མཚོན་ན་རང་ཉིད་ཀྱི་ཕ་མེས་རྣམས་ཀྱི་ཕ་ཡུལ་བོད་མ་ཡིན་པར་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དུ་སྐྱེས་དགོས་བྱུང་བ་ནི་ཆབ་སྲིད་ཀྱི་ཐག་གཅོད་ཅིག་ཡིན་པ་དང་། དེ་བཞིན་བོད་མི་མང་པོ་ཞིག་ཀྱང་བཙན་བྱོལ་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་མ་ཟད། རྒྱ་གར་དང་བལ་ཡུལ་སོགས་ཀྱི་བོད་མི་མང་པོ་ཞིག་ལ་རྒྱལ་ཁབ་ཀྱི་མི་སེར་ཆགས་པའི་ལམ་བུ་སྟབས་བདེ་ཞིག་མེད་པ་དང་ང་ཚོ་མི་རབས་ནས་མི་རབས་བར་རྒྱལ་ཁབ་མེད་པར་ངོས་འཛིན་བྱེད་བཞིན་པ་འདི་ཡང་ཆབ་སྲིད་ཀྱི་ཐག་གཅོད་ཅིག་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཏེ། ཆབ་སྲིད་ཀྱིས་ང་ཚོའི་ཉིན་རེའི་འཚོ་བའི་ནང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་སྟབས་བཙན་བྱོལ་བོད་མི་རྣམས་ཀྱི་རྒྱུད་ཆབ་སྲིད་ཀྱི་བསམ་བློ་དེ་ཆུང་དུས་ནས་རང་བཞིན་ལྷན་སྐྱེས་ཀྱི་ཡོད་པ་གསུངས་སོང་།

TYF Day 2

དེ་བཞིན་ཁོང་བཙན་བྱོལ་དུ་སྐྱེས་པའི་བོད་མི་ཞིག་ཡིན་པའི་ཆ་ནས་ཆབ་སྲིད་ཀྱི་ཁྲོད་དུ་སྐྱེས་པ་ཡིན་ལ། ཆབ་སྲིད་ཀྱིས་ཁོ་མོའི་མི་ཚེ་ལ་བཀོད་འདོམས་དང་བཟོ་ལྟ་བཟོས་ཡོད་པར་བརྟེན་ཁོང་འོས་བསྡུ་ནང་དུ་ཞུགས་པ་དེ་བོད་རང་དབང་འཐབ་རྩོད་ཀྱི་ལས་འགུལ་རྒྱ་སྐྱེད་གནང་ཆེད་དང་ Parkdale ས་གནས་ཀྱི་མང་ཚོགས་སྤྱིར་ཞབས་འདེགས་བསྒྲུབ་ཆེད་ཡིན་པ་གསུངས་སོང་།

དེ་ནས་ཨེཌ་ཝིལ་ཨེམ་སིའི་གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས་ཀྱིས། ཁོང་ད་ཆ་གནས་སྡོད་གནང་ཡུལ་སུད་སིའི་གྲོང་སྡེ་ཨེཌ་ཝིལ་ཨེམ་སི་མཚོན་ན་ཁུལ་དེར་བོད་མི་གནས་སྡོད་གནང་འགོ་བཙུགས་ནས་ད་ཆ་ལོ་ ༦༠ ལྷག་འགྲོ་བཞིན་ཡོད་པ་དང་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཏུ་ཕྱིན་པའི་ཁྲོད་ཕྱི་ལོ་ ༢༠༡༤ ལོར་ཨེཌ་ཝིལ་ཨེམ་སི་ས་གནས་བོད་མི་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ལས་དོན་སྔར་ལྷག་སྤེལ་རྒྱུའི་གྲོས་བསྡུར་བྱུང་བའི་ནང་ས་གནས་བོད་མི་རྣམས་ཀྱིས་ཁོང་སྐབས་དེར་ཨེཌ་ཝིལ་ཨེམ་སི་གྲོང་སྡེའི་སྤྱི་ཁྱབ་ཀྱི་འོས་མིར་བཞེངས་ནས་ས་གནས་སྲིད་གཞུང་དང་ལྷན་མཉམ་འབྲེལ་གྱིས་བོད་དོན་ཐོག་ནུས་པ་སྤུངས་དགོས་པའི་དགོངས་འཆར་གནང་དོན་ལྟར་བཞེངས་ཡིན་པ་མ་ཟད་དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་ཁོང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཤིག་ཐོབ་པའི་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ཁོང་ལ་སློབ་སྦྱོང་ཡག་པོ་གནང་སྟེ་བོད་དོན་ཐད་ཕྱག་ལས་གནང་དགོས་པའི་བཀའ་སློབ་གནང་ཡོད་པ་དེས་སེམས་འགུལ་ཆེན་པོ་སྤྲད་ཡོད་པ་གསུངས་སོང་།

TYF Day 2

གསུང་བཤད་ཀྱི་ལས་རིམ་དེ་གྲུབ་རྗེས་ཁོང་གཉིས་ཀྱིས་གཞོན་སྐྱེས་ཚོགས་བཅར་བ་རྣམས་ཀྱིས་དྲི་བར་ལན་འདེབས་གནང་ཡོད་པའི་ཁྲོད། གཞོན་སྐྱེས་གཅིག་གིས་ཁོང་གཉིས་བོད་མི་ཞིག་དང་ཕྱི་རྒྱལ་བའི་མི་སེར་ཞིག་ཡིན་པའི་ཆ་ནས་ངོ་བོ་དེ་དག་གཉིས་དབར་བཏང་སྙོམས་ག་འདྲ་གནང་མིན་ཞེས་འདྲི་སྐབས། བུ་ཁྲིད་དཀར་པོ་ཆེ་ལགས་ཀྱིས། ཁོང་ཁེ་ན་ཎའི་ཆབ་སྲིད་པ་ཅིག་ཡིན་པའི་ཆ་ནས་ཁོ་མོའི་དམིགས་ས་གཙོ་བོ་དེ་ས་གནས་དེའི་མང་ཚོགས་ཀྱི་བདེ་དོན་ཁོ་ན་ཡིན་ནའང་། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་ཨེ་ཤ་ཡའི་ས་ཁམས་ཆབ་སྲིད་སྐོར་རྒྱུད་མངའ་ཟབ་མོ་ཡོད་པ་སོང་ཙང་། ཁོང་ནས་ཁེ་ན་ཌ་དང་དེའི་མང་ཚོགས་ལ་རྒྱ་ནག་གཞུང་དང་ལྷན་དུ་འབྲེལ་བ་གང་འདྲ་བྱ་དགོས་མིན་ཐད་ཐབས་ལམ་གྱི་འཆར་གཞི་བཏོན་ཐུབ་ཀྱི་ཡོད་སྐོར་གསུངས་པ་དང་དེའི་བརྒྱུད་བོད་མི་དང་ཁེ་ན་ཌའི་མི་སེར་གཉིས་ཀར་ཁེ་ཕན་བསྐྲུན་ཐུབ་ཞེས་གསུངས་སོང་།

དེ་བཞིན་གངས་གཞོན་ཚང་རྣམ་རྒྱལ་ལགས་ཀྱིས་ཀྱང་ཁོང་ནས་འདས་པའི་ལོ་གཉིས་ལྷག་རིང་ཨེཌ་ཝིལ་ཨེམ་སིའི་གྲོང་སྡེའི་སྤྱི་ཁྱབ་པའི་འགན་བཞེས་མུས་རིང་གཙོ་བོ་ས་གནས་དེའི་མི་མང་གི་བདེ་སྡུག་ལ་གཟིགས་རྟོག་གནང་རྒྱུ་དང་ཆབས་ཅིག་བོད་མི་དང་ལྷན་དུ་འབྲེལ་ལམ་དམ་གཟབ་ཀྱིས་ཕྱག་ལས་གནང་གི་ཡོད་ཅེས་གསུངས་སོང་།

རྩ་བའི་ཉིན་གསུམ་རིང་གི་ཚོགས་འདུ་དེའི་ཐོག་ཆེད་ལས་མི་སྣ་གདན་ཞུས་ཀྱིས་བོད་ཀྱི་ཐུན་མིན་ཆོས་རིག་དང་མི་རིགས་ཀྱི་ངོ་བོ། འགོ་ཁྲིད་ནུས་པ་སྐྱེད་སྲིང་དང་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་པའི་ལས་འགུལ་སྤེལ་ཕྱོགས། དེ་བཞིན་འཁྲུག་ཆ་དོད་པོའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཁྲོད་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་དང་སྤྱི་ཚོགས་དྲ་ལམ་བརྒྱུད་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་ཚོགས་བཅར་བ་དབར་གོ་བསྡུར་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།