དེ་རིང་དྲྭ་ལམ་བརྒྱུད་བཙན་བྱོལ་བོད་མིའི་མང་གཙོ་དང་འབྲེལ་བའི་དཔྱད་གླེང་ཞིག་གནང་བའི་ཐོག་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལེགས་བཅོས་གནང་དགོས་ཞེས་གསུངས་སོང་།

དེ་རིང་ཕྱི་ཟླ་ ༩ ཚེས་ ༡༥ ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མང་གཙོ་གོང་འཕེལ་དང་སྲུང་སྐྱོབ་ཀྱི་ཉིན་མོར་གཏན་འབེབས་གནང་དོན་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་དབུས་བོད་མིའི་སྒྲིག་འཛུགས་དང་འཇར་མ་ནི་རྒྱལ་ཡོངས་གུ་ཡངས་ཆབ་སྲིད་ཚོགས་པའི་ཁྱབ་ཁོངས་སུ་གཏོགས་པ་ Friedrich Naumann Foundation for Freedom འམ་འཇར་མན་རོགས་ཚོགས་ཀྱི་ལྷོ་ཨེ་ཤ་ཡའི་སྡེ་ཚན་གཉིིས་ཟུང་སྦྲེལ་གྱིས་བཙན་བྱོལ་བོད་མིའི་མང་གཙོ་དང་འབྲེལ་བའི་དྲྭ་ཐོག་དཔྱད་གླེང་ཞིག་གོ་སྒྲིག་གནང་སོང་།

སྐབས་དེའི་དྲ་ཐོག་གླེང་མོལ་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་འཇར་མན་ནང་གི་རྒྱལ་སྤྱིའི་གུ་ཡངས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Jurgen Martens ལགས་དང་ཚོགས་གཞོན་སྐུ་ཞབས་ Carsten Klein ལགས། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Sujeet Kumar ལགས། དེ་བཞིན་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་བཅས་མཉམ་ཞུགས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་བགྲོ་གླེང་གནང་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བགྲོ་གླེང་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས་འཇར་མན་རོགས་ཚོགས་ཀྱི་ལྷོ་ཨེ་ཤ་ཡའི་སྡེ་ཚན་གྱིས་དེ་རིང་གི་ཉིན་མོ་དང་བསྟུན་འདི་ལྟ་བུའི་དཔྱད་གླེང་ཞིག་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞེས་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དར་འཕེལ་གྱི་རིམ་པ་ཁག་ངོ་སྤྲོད་གནང་བའི་ཁྲོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་རིང་སྐུ་ངལ་འཛེམས་མེད་ཀྱིས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་མང་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་ཁྲིད་གནང་མཛད་པའི་རླབས་ཆེན་གྱི་མཛད་པ་དག་ལ་མངོན་པར་བསྟོད་པའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་མང་གཙོ་གསུང་བ་པོ་ཡང་དག་པ་ཞིག་ཆགས་ཡོད་ཅེས་གསུངས་པ་དང་ཆབས་ཅིག བོད་མི་རྣམས་ལ་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་དང་བཙན་བྱོལ་གྱི་གནས་བབ་འོག་ནས་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་མཁན་ཞིག་ཡིན་སྟབས་སླད་མར་བཙན་བྱོལ་བོད་མིའི་མང་གཙོར་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལེགས་བཅོས་གནང་དགོས་གལ་ཡིན་པའི་དགོངས་ཚུལ་གནང་ཡོད།

དེ་བཞིན་དམིགས་བསལ་ངོ་སྤྲོད་ཀྱི་གསུང་བཤད་གནང་མཁན་སྐུ་ཞབས་ Jurgen Martens ལགས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོ་དེ་ལྷོ་ཨེ་ཤ་ཡ་དང་འབྲེལ་ཡོད་ཆབ་སྲིད་ནང་གནད་དོན་གལ་ཆེ་ཞིག་ཆགས་ཡོད་པ་དང་ཁོང་དང་ཕྱག་སྦྲེལ་སྐུ་ཚབ་ཁག་ཅིག་འདི་ལོར་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་དྷརྨ་སཱ་ལཱར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་མཛད་གཙོ་རྣམས་དང་མཇལ་མོལ་གནང་རྒྱུའི་གོ་སྐབས་བྱུང་བ་དང་། བཙན་བྱོལ་བོད་མིའི་ངོས་ནས་བོད་ཀྱི་ཐུན་མིན་རིག་གཞུང་བཅས་པ་སྲུང་སྐྱོབ་སླད་འབད་བརྩོན་རྒྱ་གང་ཆེར་གནང་བཞིན་པར་བསྔགས་བརྗོད་གནང་སྟེ་བོད་ནང་མང་གཙོ་ཡང་དག་པ་ཞིག་ཡོང་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགན་ཁུར་དེ་ནི་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་གསུངས་སོང་།

ལས་རིམ་དེའི་ཁྲོད་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Sujeet kumar ལགས་ཀྱིས་རྒྱལ་སྤྱིའི་མང་གཙོའི་སྤྱི་ཚོགས་ཚང་མར་ཁྱད་ཆོས་མི་འདྲ་བ་མང་དག་ཅིག་ཡོད་པ་དང་། བོད་པའི་མང་གཙོ་ལ་མཚོན་ན་བཙན་བྱོལ་གྱི་སྤྱི་ཚོགས་ཤིག་ཏུ་མང་གཙོའི་ལམ་སྲོལ་ཕྱག་བསྟར་ཐུབ་པ་ནི་ཁྱད་ཆོས་དམིགས་བསལ་བ་ཞིག་ཆགས་ཡོད། རྒྱ་གར་གཙོས་རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་ཁག་གིས་བོད་པའི་མང་གཙོའི་ལམ་སྲོལ་ནས་ལེགས་བྱ་བཞངེས་དགོས་པ་མི་ཉུང་བ་ཞིག་ཡོད་ཅེས་གསུངས་སོང་ལ། ད་དུང་ཁོང་གིས་རྒྱ་གར་དང་བོད་ཀྱི་གནད་དོན་ལས་འཕྲོས་ཏེ་རྒྱ་གར་གྱི་ངོས་ནས་བོད་མིའི་འཚོ་ཐབས་དང་གཞིས་ཆགས་གསར་འཛུགས་སོགས་ལ་རོགས་རམ་གང་ཐུབ་གནང་ཡོད་ཀྱང་། རྒྱ་གར་གཞུང་དང་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐོག་ནུས་པ་དེ་ཙམ་སྤུངས་ཐུབ་ཀྱི་མེད་པའི་ཐུགས་ཚོར་བྱུང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ནས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་བོད་ཕྲུག་རྣམས་བཙན་དབང་ཐོག་གཏན་འཇགས་སློབ་གྲྭ་ཁག་ཏུ་གཏོང་བཞིན་པ་སོགས་གླེང་སློང་གནང་དགོས་པར་མ་ཟད། བོད་མིའི་ངོས་ནས་མུ་མཐུད་སྤྱི་ཚོགས་ཀྱི་སྡེ་ཚན་འདྲ་མིན་ཁག་ཏུ་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་གནད་ཆགས་ཡོད་ཅེས་གསུངས་ཡོད།

ཐེངས་འདིའི་དྲྭ་ཐོག་ལས་རིམ་ཁྲོད་གསུང་བཤད་པ་རྣམས་ཀྱིས་བོད་མིའི་མང་གཙོའི་ལམ་ལུགས་འཕེལ་རིམ་དང་དེ་འབྲེལ་གཞན་ལས་སློབ་སྐྱེད་ལེན་དགོས་པ། མང་གཙོའི་ལམ་སྲོལ་སྲ་བརྟན་གནས་ཐབས་སུ་ཉེན་ཁར་གདོང་ལེན་གནང་ཕྱོགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུའང་བོད་ཀྱི་མ་འོངས་གནས་བབ་གྲ་སྒྲིག འབྱུང་འགྱུར་བོད་ཀྱི་མདུན་ལམ་ནང་གཞོན་སྐྱེས་ཀྱི་འགན་ཁུར་དང་རྒྱ་གར་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བའི་གལ་གནད་བཅས་ཀྱི་བརྗོད་གཞིའི་ཐོག་ངོ་སྤྲོད་དང་དྲི་བ་དྲིས་ལན་སོགས་གནང་ཡོད།