Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་༸གོང་ས་མཆོག་ཕྱི་ལུགས་དགུང་གྲངས་ ༨༨ བདག་གིར་བཞད་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

དེ་རིང་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་གི་མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཐོག་གཞུང་འབྲེལ་གྱི་མཛད་སྒོ་ཚོགས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ དང་བོད་ལུགས་ལྟར་དགུང་གྲངས་ ༨༩ བདག་གིར་བཞད་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཞུང་འབྲེལ་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་པ་དང་སྦྲགས་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་པ་དང་འབྲེལ་ད་བར་བོད་རྒྱ་ཆེའི་མི་མང་གཙོ་བོར་གྱུར་པའི་འཛམ་གླིང་སྤྱིའི་མི་ལ་ཕན་ཐོགས་རྒྱ་ཆེར་མཛད་ཡོད་སྐོར་བཀའ་སྩལ་མཛད་སོང་།

༸སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sukhvinder Singh Sukhu མཆོག་དང་དམིགས་བསལ་སྐུ་མགྲོན་ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཧུན་ཧྲིན་ཧན་མཆོག དེ་བཞིན་སྲིད་སྐྱོང་མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ཡབ་གཞིས་སྐུ་འཁོར་ལྷན་རྒྱས། སྐུ་མགྲོན་གཞན་དང་མི་མང་སྟོང་ཕྲག་ལྷག་མཉམ་ཞུགས་ཀྱིས་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་པ་དང་འབྲེལ་ད་བར་བོད་རྒྱ་ཆེའི་མི་མང་གཙོ་བོར་གྱུར་པའི་འཛམ་གླིང་སྤྱིའི་མི་ལ་ཕན་ཐོགས་རྒྱ་ཆེར་མཛད་ཡོད་སྐོར་བཀའ་སྩལ་མཛད་པར་མ་ཟད། མགོན་པོ་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་ལས་འགྲོ་བ་མི་གཅིག་འགྱུར་གྱི་འདུས་ཤེས་དང་ཆོས་ལུགས་མཐུན་སྒྲིལ་ཐོག་ལ་བཀའ་ནན་མཛད་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ད་བར་སྐུ་ངལ་མཛད་མེད་ཀྱིས་སྐུ་ལས་བསྐྱོན་ཡོད་པ་དང་ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་སྤྱིའི་སྟེང་མཛད་འཕྲིན་སྐྱོང་སྟངས་ངོ་སྤྲོད་གཟབ་རྒྱས་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་གནང་བཞིན་ཡོད་ཅེས་སྙེན་སེང་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་ནས་ཡང་ཡང་ཞལ་བཞེས་མཛད་ཟིན་ལྟར། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ཀྱང་༸མགོན་པོ་མཆོག་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་པ་སྐལ་བའི་མཆོག་ཏུ་བརྩིས་ཏེ། བོད་མི་ཡོངས་ལ་རང་དོན་རང་གཅེས་ཐོག་ཁེ་ཉེན་འཇུག་ལྡོག་སྤང་བླང་ཚུལ་བཞིན་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་ནན་པོ་གནང་སོང་།

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ཁག་ལ་ཆེ་བསྟོད་ཞུས་པ་དང་འབྲེལ། ༸གོང་ས་མཆོག་གི་མཛད་འཕྲིན་དེ་དག་ལ་བརྟེན་ནས་རྒྱལ་ཁབ་མང་པོའི་ནང་བོད་དོན་ཐོག་ཁྲིམས་ཡིག་གཏན་འབེབས་ཀྱིས་བོད་དོན་ཐོག་དམིགས་བསལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་མང་པོ་བྱུང་ཡོད་པར་མ་ཟད། རྒྱ་གཞུང་ལ་དུས་རབས་ཀྱི་འགྱུར་འགྲོས་ལ་བསྟུན་ཏེ་བོད་ཐོག་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་གྲོས་མོལ་གྱི་ལམ་ནས་༸གོང་ས་མཆོག་གི་སྐུ་ཚབ་མཉམ་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་དགོས་ཞེས་རྒྱ་གཞུང་ལ་ནན་བསྐུལ་གནང་སོང་བ་མ་ཚད་པར་ཉེ་བའི་ཆར་རྒྱ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་བརྙན་ཐུང་དུམ་བུ་ཞིག་བེད་སྤྱད་ནས་སྤྱི་ཚོགས་དྲ་ལམ་ཁག་ལ་བརྒྱུད་སྤེལ་གྱིས་མཚན་ཤས་ཞུ་ཐབས་བྱས་ཀྱང་། ༸གོང་ས་མཆོག་གི་མཛད་འཕྲིན་དེ་བས་ཀྱང་ཕྱོགས་བཅུར་ཇེ་ཆེར་འཕྲོ་ཞིང་། སྐབས་དེར་རང་རིགས་བོད་མི་རྣམས་དང་། གཞན་གནད་ཡོད་མི་སྣ། ལྷག་པར་དུ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ཀྱིས་༸གོང་ས་མཆོག་གི་མཛད་འཕྲིན་ལ་དད་གུས་འགྱུར་བ་མེད་པ་གསལ་སྟོན་བྱེད་ཐུབ་པ་ནི་གོ་སྐབས་འདི་བརྒྱུད་ནས་དམིགས་བསལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་གསུངས་ཡོད།

བོད་ཀྱི་བདེན་པའི་འཐབ་རྩོད་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་གར་གཞུང་མང་གཙོས་རྒྱལ་སྤྱིའི་སྲིད་གཞུང་ཁག་ཐུགས་རྗེ་ཆེ་ཞེས་དང་། མུ་མཐུད་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུས་སོང་།

སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sukhvinder Singh Sukhu མཆོག་གིས་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཚེ་མེད་ཞི་བ་དང་སྙིང་རྗེའི་རང་གཟུགས་ཡིན་པར་མ་ཟད་འཛམ་གླིང་ནང་བྱམས་བརྩེ་སྤེལ་མཁན་གྱི་མགྲོན་གཉེར་ལྟ་བུ་ཞིག་ཡིན་ཅིང་། མགོན་པོ་མཆོག་གི་༸སྐུ་ཚེ་ལོ་རྒྱུས་དང་མཛད་འཕྲིན་ལས་ང་ཚོར་བློ་བསྐྱེད་དང་སེམས་སྐུལ་ཐེབས་རྒྱུ་རེད་ཅེས་གསུངས་པ་དང་ཆབས་ཅིག ད་བར་བོད་དོན་འཐབ་རྩོད་ཁྲོད་འཚེ་མེད་ཞི་བའི་ལམ་ཁོ་ནར་བརྟེན་ ཡོད་ཅེས་གསུངས་པར་མ་ཟད། ༸གོང་ས་མཆོག་གི་ཐུགས་རྗེ་བྱིན་རླབས་ཀྱི་འོག་ནས་ཧི་མཱ་ཅལ་མངའ་སྡེ་ནང་གནས་སྡོད་བོད་མི་རྣམས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཧུན་ཧྲིན་ཧན་མཆོག་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ༸གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་བོད་པའི་མི་རབས་གཞོན་པ་རྣམས་ཀྱིས་མང་གཙོ་དང་རང་དབང་ཆེད་ཕྱག་ལས་གནང་མཁན་བཞིན་ཡོད་སྟབས་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་འབྲེལ་ཏེ། བོད་དང་ཐེ་ཝན་གཉིས་ཀྱི་གནས་སྟངས་གཅིག་མཚུངས་ཡིན་པར་བརྟེན་ཕན་ཚུན་རྒྱབ་སྐྱོར་གནང་དགོས་གལ་ཡིན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་རྒྱ་གཞུང་གི་ངོས་ནས་ང་ཚོའི་གནས་སྟངས་ལ་བསམ་ཤེས་ཀྱི་རང་དབང་གི་རིན་ཐང་དེ་དག་སྲུང་སྐྱོབ་གནང་དགོས་ཞེས་སོགས་གསུངས་སོང་།

རྩ་བའི་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་འཛམ་གླིང་སྐྱེ་འགྲོ་ཀུན་ལ་གསུང་འཕྲིན་ཞིག་སྩལ་འདུག་པའི་ནང་། འཛམ་གླིང་ས་ཕྱོགས་འདྲ་མིན་ནས་མགོན་པོ་༸གང་ཉིད་མཆོག་གི་མཚན་ཐོས་པ་དང་། དགོངས་གཞི་གང་ཡོད་པ་དེ་དག་མང་ཚོགས་དུ་མས་ཤེས་ནས་མགོན་པོ་མཆོག་ལ་ཧ་ཅང་དགའ་གུས་ཆེན་པོ་ཞུ་ཡི་འདུག་ཅེས་བཀའ་སྩལ་འདུག

ལྷག་དོན་དུ་མགོན་པོ་༸གང་ཉིད་མཆོག་ནི་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ཡིན་པའི་ཆ་ནས་དོན་དམ་གྱི་མི་གཅིག་གྱུར་དང་འཛམ་གླིང་ཞི་བདེ་ཡོང་བར་ཐུགས་སྨོན་མཛད་ཀྱི་ཡོད་པ་ལྟར་འཛམ་གླིང་ས་ཕྱོགས་འདྲ་མིན་གྱི་མི་རྣམས་ཀྱིས་རྒྱབ་སྐྱོར་དང་སེམས་ཐག་ཉེ་པོ་གནང་གི་འདུག

ངོས་ཀྱི་སྐྱེས་སྐར་གྱི་དུས་ཚོད་དེར་ཚང་མས་ག་ཚོད་ཐུབ་ཐུབ་ཀྱིས་སོ་སོའི་སེམས་ལ་བདག་པོ་བསྐྱོན་ནས་བསམ་པ་བཟང་པོ་ཞིག་གིས་མི་ཚེ་སྐྱེལ་ན། རང་གཞན་ཚང་མར་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་ཀྱི་ཡོད་སྟབས་ངོས་ཀྱི་བསམ་བློ་ནང་བཞིན་དགོངས་པ་བཞེས་ཏེ། ཨ་མདོ་ལྷ་མོ་དོན་གྲུབ་ཀྱིས་སེམས་ཤུགས་དེ་འདྲ་ཞི་འཁྱེར་ཡོད་པ་དེ་འགྲིགས་འདུག་ཅེས་ཚང་མས་རྒྱབ་སྐྱོར་གནང་རོགས་ཞེས་བཀའ་སྩལ་འདུག ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་།

འབྲེལ་ཡོད་གསར་གནས།

གསར་གནས།