ཁ་སྔོན་ཕྱི་ཚེས་ ༥ ནས་འགོ་འཛུགས་བྱུང་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ དེ་ཕྱི་ཚེས་ ༡༠ ཉིན་མཇུག་བསྒྲིལ་ཡོད་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ད་རེས་ཀྱི་འགན་འཛིན་ལྷན་ཚོགས་འདིའི་བརྒྱུད། རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་འོག བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་ཕྱོགས་གང་ས་ནས་དམ་དྲག་ཇེ་ཆེར་བྱེད་བཞིན་པ་དེར་ངོ་རྒོལ་གྱིས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།
ད་རེས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པ་དེའི་ཐོག རྒྱ་གར་དང་བལ་ཡུལ་བཅས་ས་གནས་ཁག་ ༣༨ ནས་ཚོགས་བཅར་བ་མི་གྲངས་ ༢༠༠ ཙམ་ཞིག་འདུ་འཛོམས་བྱུང་ཡོད་པ་དང་། ཉིན་གྲངས་ལྔའི་རིང་ཚོགས་བཅར་བ་ཕན་ཚུན་བཀའ་བསྡུར་དང་འབྲེལ་གྲོས་ཆོད་དོན་ཚན་བརྒྱད་གཏན་འབེབས་གནང་ཐུབ་པ་མ་ཟད། སྤྱི་མོས་གྲོས་ཆོད་ཞིག་གཏན་འབེབས་བྱུང་ཡོད་པ་དེའི་ནང་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་སླད། བོད་པའི་ཚོང་ཁང་དང་། ཟ་ཁང་། མགྲོན་ཁང་། འགྲིམ་འགྲུལ་ཁང་སོགས་ཀྱི་སྒོ་བྱང་ཐོག་ངེས་པར་དུ་བོད་ཡིག་འབྲི་འགོད་ཡོང་ཐབས་དང་། ལྷག་པར་གཞོན་ནུའི་སྒྲིག་འཛུགས་ཁྱབ་ཁོངས་ནས་ཕྱིར་འཐེན་བྱས་པའི་སྦེལ་ཀོབ་དང་ཧོན་སུར། ཀོ་ལི་གྷལ་བཅས་ཀྱི་གཞོན་ནུའི་མིང་འཛིན་པ་ཚོས་གཞོན་ནུའི་མཚན་བྱང་བཀོལ་སྤྱོད་མི་ཆོག་པ་བཅས་ཀྱི་གྲོས་ཆོད་ཀྱང་གཏན་འབེབས་བྱུང་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། ད་རེས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པ་དེ་སྒང་ཏོག་ས་གནས་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ལྷན་ཚོགས་དེ་ཚགས་ཚུད་ཡོང་ཐབས་སུ་ས་གནས་དབུས་རྒྱུན་ཟུར་པ་དང་། མངའ་སྡེའི་གཞུང་གི་ངོས་ནས་ཀྱང་མཐུན་འགྱུར་གང་འོས་གནང་ཡོད་པ་བཅས་འགྲེལ་བརྗོད་གནང་འདུག