Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༢༠ འཁོར་བའི་ཉིན་མོ་སྲུང་བརྩི།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ཏེ་མི་ལོ་ ༢༠ ཧྲིལ་པོ་འཁོར་བ་དང་བསྟུན། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་བྱུང་རབས་དང་གལ་ཆེའི་ལས་དོན་ཇི་བྱས་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་གནང་བའི་དཔེ་དེབ་དབུ་འབྱེད་གནང་ཡོད་པ་རེད།

Photo: Tibet.Net

ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༡༠ ཡོལ་ཙམ་ལ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༢༠ ཧྲིལ་པོ་འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་བ་དང་སྐབས་དེར། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས། བོད་ཀྱི་གསོ་བ་རིག་པའི་ལྷན ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་དྲུང་འཚོ་ཚེ་རིང་ཐག་གཅོད་ལགས། ཚོགས་གཞོན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་གྱི་སྨན་དགེ་རྡོ་རྗེ་དགྲ་འདུལ་ལགས། དེ་བཞིན་ལྷན་ཚོགས་དེའི་ཚོགས་གཙོ་ཟུར་པ། ཚོགས་པའི་རྒྱུན་ལས་དང་ལས་བྱེད། དེ་བཞིན་དེ་རིང་བརྟན་བཞུགས་ཆེད་དུ་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྨན་པ་ཁག་གཅིག་སོགས་ཚོགས་བཅར་བ་ ༣༠ ལྷག་ལྷན་ཞུགས་གནང་འདུག

Photo: Tibet.Net

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་བྱུང་རབས་དང་གལ་ཆེའི་ལས་དོན་ཇི་བྱས་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་དཔེ་དེབ་དབུ་འབྱེད་དང་འབྲེལ། གསུང་བཤད་གནང་བའི་ཁྲོད། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གནས་བབ་དང་མ་འོངས་ཁ་ཕྱོགས་ཀྱི་གནས་སྟངས་ཐད། ཞིབ་འཇུག་ཚད་ལྡན་ཞིག་བྱས་ཏེ། སྙན་ཐོ་གདོན་དགོས་པ་དང་། སྙན་ཐོའི་འབྲུ་དོན་ལ་གཞིགས་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དང་། འགྲོ་ཕན་སྨན་རྩིས་ཁང་། ཝཱ་ཎ་གསོ་རིག་སྡེ་ཚན། ལྕགས་པོ་རིའི་བོད་སྨན་རྩིས་ཁང་སོགས་ཀྱི་མ་འོངས་པའི་ཁ་ཕྱོགས་ཐོག་དགོངས་བཞེས་གནང་དགོས་གལ་ཡིན་པ་མ་ཟད། ཚོགས་པ་སྒྲིག་འཛུགས་སོ་སོའི་ངོས་ནས་གཞི་རིམ་གྱི་ལས་དོན་གནང་ཕྱོགས་ཇི་ལྟར་ཡིན་མིན་ཁ་གསལ་བྱུང་ན་ཐུགས་ཕན་གསོས་པ་ཡོང་གི་རེད་ཅེས་སོགས་གསུངས་འདུག

Photo: Tibet.Net

འདི་ག་གསར་འགོད་པས་བོད་ཀྱི་གསོ་བ་རིག་པའི་གནས་བབ་དང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་བྱུང་རབས་དང་གལ་ཆེའི་ལས་དོན་ཇི་བྱས་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་དཔེ་དེབ་དེ་དང་འབྲེལ་ནས་ལྷན་ཚོགས་དེའི་ཚོགས་གཙོ་སྨན་རམས་པ་དྲུང་འཚོ་ཚེ་རིང་ཐག་གཅོད་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་ནས་ཁྲིམས་ཀྱི་ལས་འགན་བསྐུར་བ་བཞིན་འགྲོ་མུས་ཡིན་པའི་ཐོག ད་ལྟའི་ཆར་ལྷན་ཚོགས་དེའི་འོག་དེབ་སྐྱེལ་བྱས་པའི་སྨན་པ་ ༦༣༠ ལྷག་ཡོད་པ་དང་། དེ་བཞིན་མཐོ་སློབ་ཁག་གཅིག་དང་། སྨན་སྦྱོར་ཁང་ཁག་གཅིག་ཡོད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ཅེས་འགྲེལ་བརྗོད་དང་འབྲེལ། ཕྱི་ལོ་ ༢༠༡༠ ལོར་གསོ་བ་རིག་པ་འདི་བཞིན་རྒྱ་གར་ནང་ཁྲིམས་མཐུན་ངོས་འཛིན་བྱུང་བའི་རྗེས་སྨན་པའི་ལྷན་ཚོགས་ནང་དེབ་སྐྱེལ་ཡོད་པའི་མཐོ་སློབ་ཁག་རྣམས་བསྐྱར་དུ་རྒྱ་གར་དབུས་གཞུང་གི་ National Commission for Indian Systems of Medicine (NCIM) འོག་དེབ་སྐྱེལ་བརྒྱུད་ཚོགས་པ་དེའི་ལམ་སྟོན་གཞིར་བཟུང་བསླབ་གཞི་གསར་པ་ལག་བསྟར་དང་། སློབ་ཕྲུག་གསར་བསྡུས་སོགས་ཀྱི་ལས་དོན་འགྲོ་མུས་ཡིན་པ་འགྲེལ་བརྗོད་གནང་སོང་།

དེ་བཞིན་ལོ་རྒྱུས་ཕྱོགས་སྒྲིག་གི་དཔེ་དེབ་འདི་བཞིན་བོད་ཀྱི་གསོ་བ་རིག་པ་སྐབས་བདུན་རིང་གི་ལས་དོན་ཇི་བྱས་སྐོར་གྱི་ལས་བསྡོམས་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་རྒྱ་གར་ནང་བོད་ཀྱི་གསོ་བ་རིག་པ་འདི་ཁྲིམས་མཐུན་ངོས་འཛིན་བྱས་པའི་བརྒྱུད་རིམ་སོགས་ཀྱི་གནད་འགག་དེ་དག་ཚུད་ཡོད་པ་མ་ཟད། རྒྱ་གར་གཞུང་ནས་དངུལ་གྱི་རོགས་སྐྱོར་ཞུས་པའི་ཐོག་སྨན་པ་རྣམས་ལ་ཤེས་ཡོན་གོང་འཕེལ་གྱི་ཟབ་སྦྱོང་རིམ་པ་གནང་ཡོད་པ་དང་། དེ་བཞིན་དབང་ལུང་སྨན་ངག་གི་རྒྱུན་སྤེལ་བ་དང་རྒྱལ་སྤྱིའི་ཚོགས་འདུ་སོགས་གོ་སྒྲིག་ཞུས་པའི་ལས་དོན་ཁག་གཅིག་ངོ་སྤྲོད་གནང་སོང་།

Photo: Tibet.Net

མ་ཟད་ལོ་གཅིག་གོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་བསྐྱར་ཞིབ་དགོས་སྐོར་ཞུས་པ་བཞིན། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་ཚོགས་ཆུང་དངོས་སུ་འགོ་འཛུགས་ཀྱིས་ལས་དོན་འགྲོ་མུས་ཡིན་པ་གསུངས་སོང་།

Photo: TPiE

རྩ་བའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་དམིགས་ཡུལ་ནི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དང། སློབ་གཉེར། སྨན་སྦྱོར། སྨན་རྫས། བརྟག་ཐབས། སྨན་བཅོས་ལག་ལེན་བཅས་གཞུང་ལུགས་ལྟར་ཚད་ལྡན་ཡོང་ཐབས་དེ་ཡིན་པ་དང་། དེའི་ཁྱབ་ཚད་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དང་། གཞན་ཡང་ཁྲིམས་ཡིག་དེར་བརྩི་བཀུར་དང་ལེན་ཞུ་འདོད་ཡོད་མཁན་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་ཡོངས་ལ་ཁྱབ་པ་ཞིག་ཆགས་ཀྱི་འདུག ལྷག་པར་ད་ལྟའི་ཆར་བོད་ཀྱི་གསོ་བ་རིག་པའི་ཁྱབ་ཁོངས་སུ་དེབ་སྐྱེལ་ཡོད་པའི་མཐོ་སློབ་ཁག་ནི་རྡ་རམ་ས་ལ་དང་སྦེང་ལོར་ཡོད་པའི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་གཉིས་དང་། ལྕགས་པོ་རི། ཝཱ་ཎ་གསོ་རིག་སྡེ་ཚན། སྨན་རིའི་གསོ་རིག་འབུམ་བཞིའི་མཐོ་སློབ། ཤེས་རབ་གླིང་སྨན་རྩིས་སློབ་གཉེར་ཁང་བཅས་དྲུག་ཡོད་པ་རེད་འདུག

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་འདི་བཞིན་བཙན་བྱོལ་བོད་མི་བཅའ་ཁྲིམས་དོན་ཚན་ ༡༨ པའི་ནང་གསེས་ ༢ པ་དང་ ༣ པའི་དགོངས་དོན་བཞིན་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་དང་། དེ་ཡང་སྐབས་ ༡༣ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་གསར་དུ་གཏན་འབེབས་གནང་བ་ཞིག་ཆགས་ཀྱི་ཡོད་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱག་རྟགས་སྩལ་རྗེས། ཕྱི་ལོ་ ༢༠༠༤ ལོར་ནས་འགོ་འཛུགས་གནང་བ་ཞིག་ཡིན་པ་རེད།

གཞི་རྩའི་སང་ཉིན་ཕྱི་ཚེས་ ༡༢ ནས་ ༡༤ བར་ཁྱོན་ཉིན་གྲངས་གསུམ་གྱི་རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་གནད་དོན་དང་འབྲེལ་ནས་ཚོགས་ཆེན་ཞིག་ཚོགས་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།