Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་དབང་ཕྱུག་ལགས་སུ་རྗེས་དྲན།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

རྒྱ་ནག་གི་བཙོན་ཁང་ནང་དུ་མི་ལོ་ ༥ འི་རིང་དཀའ་སྡུག་མྱངས་མྱོང་མཁན་དང་བཙོན་ཁང་ནང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྣེ་འཁྲིད་གནང་མྱོང་ཡོད་མཁན་ཆབ་སྲིད་ཙོན་ཟུར་ཕུན་ཚོགས་དབང་ཕྱུག་ལགས་ཉེ་ལམ་ཨ་རིའི་ནང་དགོངས་པ་རྫོགས་པ་ལྟར། བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དབུ་བཞུགས་ཐོག་འདས་པོ་དེ་ཉིད་ཀྱི་མཛད་རྗེས་ལ་རྗེས་དྲན་ཞུས་གནང་སོང།

Photo: Tibet.net

བྱ་དོར་ཕུན་ཚོགས་དབང་ཕྱུག་ལགས་སམ་ཡོངས་གྲགས་སུ་གྲུབ་ཐོབ་ཞུ་བ་དམ་པ་ཁོང་ནི་སྤྱི་ལོ་ ༡༩༧༤ ལོར་བོད་ལྷོ་ཁ་ས་ཁུལ་སྣེ་གདོང་ཁུལ་དུ་འཁྲུངས་ཞིང་། ལྷོ་ཁའི་སློབ་འབྲིང་གཉིས་པ་འགྲིམ་བཞིན་པའི་སྐབས་ནས། བོད་རང་བཙན་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་ཡིག་ཆ་བགོས་འགྲེམས་དང་སྦྱར་ཡིག་སྦྱར་འགྲེམས་བྱས་པའི་རྐྱེན་གྱིས་ ༡༩༩༤ ལོའི་ཕྱི་ཟླ་ ༦ པའི་ནང་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་ལོ་ལྔའི་བཙོན་འཇུག་ཉེས་ཆད་བཏང་བ་མ་ཟད། ཕྱི་ལོ་ ༡༩༩༨ ལོའི་གྲྭ་བཞི་བཙོན་ཁང་ནང་གི་བཙོན་པའི་ངོ་རྒོལ་སྐབས་ལས་འགུལ་སྣེ་འཁྲིད་གནང་མཁན་ཁོངས་སུ་ཡོད་པ་རེད།

ཟླ་བ་འདིའི་ཕྱི་ཚེས་ ༥ རེས་གཟའ་པ་སངས་ཉིན་བཞུགས་སྒར་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ་ཁོང་གི་འཐབ་གྲོགས་བོད་རང་བཙན་རྩོད་ལེན་པ་བསྟན་འཛིན་བཙོན་འགྲུས་ལགས་ཀྱིས་རྐང་འགན་བཞེས་པའི་འོག་ཆབ་སྲིད་བཙོན་ཟུར་དམ་པ་དེ་ཉིད་ལ་རྗེས་དྲན་སྨོན་ལམ་ཞིག་ཚོགས་པའི་ཐོག་ནས་ཁོང་གི་སྙིང་སྟོབས་ལ་ཆེ་བསྟོད་ཞུས་ཡོད་པ་མ་ཟད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཀྱང་རྗེས་དྲན་མཛད་སྒོ་དེའི་ཐོག་ཆེད་ཕེབས་གནང་ཡོད།

Phuntsok Wangchuk Political Prisoner
Photo: Tibet.net

བཀའ་བློན་མཆོག་གིས་སྐབས་དེར་སྤྱིར་བོད་མིའི་སྒྲིག་འཛུགས་ངོས་ནས་ལོ་ལྟར་ཕྱི་ཟླ་གསུམ་པའི་ཚེས་ ༨ ཉིན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་སྨོན་ལམ་དང་ཆབ་སྲིད་བཙོན་པར་རོགས་རམ་སོགས་ཀྱི་ལས་གཞི་མུ་མཐུད་སྤེལ་བཞིན་པ་དེ་ལྟར་ཡང་། བདེ་སྲུང་ལས་ཁུངས་ངོས་ནས་ཉེ་བའི་ལོ་ཤས་ནས་སྔོན་རྩིས་ཁྲོད་རྩིས་འགོ་ཟུར་དུ་བསྣམས་ནས་ཆབ་སྲིད་བཙོན་ཟུར་འདས་གྲོངས་སོང་བ་རྣམས་ལ་གཞུང་འབྲེལ་གྱི་ཐུགས་གསོལ་ཕུལ་འགོ་ཚུགས་པ་མ་ཟད། བདེ་སྲུང་ལས་ཁུངས་ཀྱི་འགན་འཁྱེར་ནས་ཆབ་སྲིད་བཙོན་པ་འདས་གྲོངས་སོང་བ་རྣམས་ཀྱི་ཆེད་དུ་གཞུང་འབྲེལ་གྱི་སྨོན་ལམ་བརྒྱུད་ཆེ་མཐོང་ཕུལ་རྒྱུ་ཡིན་པ་གསུངས་སོང།

མ་ཟད་བཀའ་བློན་མཆོག་གིས་གོ་སྐབས་དེ་དང་བསྟུན་ཆབ་སྲིད་བཙོན་པ་གཙོས་པའི་བོད་མི་སུ་འདྲ་ཞིག་ཡིན་ཀྱང་ཆོལ་ཁ་ཆོས་ལུགས་ཀྱི་མིང་ཐོག་ནས་བོད་མི་ནང་ཁུལ་དཀྲུགས་པའི་ལས་དོན་རིགས་རྩ་བ་ནས་སྤེལ་རྒྱུ་མེད་པའི་སྐུལ་མ་གནང་སོང་།

Phuntsok Wangchuk Political Prisoner
Photo: Tibet.net

གཞི་རྩའི་རང་ལོ་ ༥༡ ཐོག་ཨ་རིའི་ནང་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་ཆབ་སྲིད་བཙོན་ཟུར་བྱ་དོར་ཕུན་ཚོགས་དབང་ཕྱུག་ལགས་ཕྱི་ལོ་༢༠༠༠ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ། སྤྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་གནང་མྱོང་ཡོད་པ་དང་རིམ་པས་ཨ་རིའི་ནང་གནས་སྤོས་གནང་བ་དང་། ཁོང་གིས་རང་ཉིད་མཚོན་པའི་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་དང་འབྲེལ་ལོ་རྒྱུས་དང་དེ་བཞིན་སྙན་ངག་གི་དེབ་ཕྲེང་གཉིས་ཙམ་འདོན་སྤེལ་གནང་ཡོད་པ་རེད།

རེས་གཟའ་པ་སངས་ཉིན་གྱི་རྗེས་དྲན་སྨོན་ལམ་དེའི་ཐོག་བོད་ཀྱི་སྙན་ངག་མཁན་བུ་ཆུང་བསོད་ནམ་ལགས་ཀྱིས་དམ་པ་ཁོང་གི་ཕྱག་དེབ་ཁྲོད་ནས་སྙན་ངག་ཞིག་གྱེར་འདོན་བརྒྱུད་ཁོང་ལ་རྗེས་དྲན་ཞུས་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བསོད་ནམས་ཚེ་རིང་ལགས་ཀྱིས་ཁོང་གི་ལོ་རྒྱུས་ངོ་སྤྲོད་གནང་ཡོད་ལ། བསྟན་འཛིན་བཙོན་འགྲུས་ལགས་ཙམ་མ་ཟད། བོད་ཀྱི་ཆབ་སྲིད་བཙོན་ཟུར་སྙེ་ཐང་མིག་དམར་ལགས་ཀྱི་བརྙན་པར་བརྒྱུད་འདས་པོ་ཁོང་གི་སྙིང་སྟོབས་ལ་རྗེས་དྲན་ཞུས་སོང།


འབྲེལ་ཡོད་གསར་གནས།

གསར་གནས།