དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀའི་ཐོག བཞུགས་སྒར་ཁུལ་གྱི་དབུས་ས་གཉིས་ཀྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མེག་གྷན་ཁྲོམ་གཞུང་དུ་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོ་སྲུང་བརྩི་ཞུས་ཏེ། བོད་ཀྱི་ཆབ་སྲིད་བཙོན་པ་ཆུང་ཤོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོ་བྱས་པའི་བོད་མིའི་བསྟན་སྲིད་ཀྱི་ཆེད་དུ་རྒྱ་ནག་གི་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པ་ཡོངས་གང་མགྱོགས་གློད་གྲོལ་ཡོང་བར་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་གིས་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲོད་དགོས་བའི་ཞུ་སྐུལ་གནང་སོང་། དེ་རིང་གི་ལས་འགུལ་དེའི་ཐོག བཞུགས་སྒར་ཁུལ་གྱི་བོད་ཀྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་རྒྱུན་ལས་རྣམས་ཀྱི་གཙོ་བྱས་པའི་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་ལྷན་འཛོམས་ཀྱི་ཐོག བོད་ནང་གི་བཙོན་པ་རྣམས་ལ་རྒྱ་གཞུང་གིས་མནར་གཅོད་གཏོང་བཞིན་པའི་པར་རིས་ཕྱོགས་བསྒྲིགས་ཀྱིས་འགྲེམས་སྟོན་གནང་བ་བརྒྱུད་ནས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་མནར་གཅོད་འོག་གི་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་གནང་དགོས་བའི་བསྒྲགས་གཏམ་སྤེལ་སོང་།
སྐབས་དེར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་དེ་རིང་གི་བཙོན་པའི་ཉིན་མོ་དང་འབྲེལ་ནས་བོད་ནང་གི་ཆབ་སྲིད་བཙོན་པའི་ཐད་ནས་གཏམ་བཤད་གནང་བའི་ནང་དུ། རྒྱ་ནག་གིས་བོད་བཙན་འཛུལ་བྱས་པ་ནས་བཟུང་དུས་ཡུན་རིང་པོར་གཞུས་ལུས་བོད་མི་ཚོས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ལག་བསྟར་བྱས་པར་དབང་ཤེད་ཀྱིས་བཙན་བཟུང་དང་མནར་གཅོད་ཚད་མེད་གཏོང་བ། དེ་བཞིན་གར་སོང་ཆ་མེད་དུ་བསྒྱུར་བ་སོགས་ཀྱི་མི་སྤྱོད་ལས་འདས་བའི་གནོན་འཚེ་དང་མནར་གཅོད་གཏོང་གི་ཡོད་པར་འགྲེལ་བརྗོད་ཀྱིས། བོད་ནང་གི་བཙོན་པ་རྣམས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་དུ་འཁོད་པའི་གཞི་རྩའི་ཐོབ་ཐང་ཁག་གང་ཡང་ལོངས་སྤྱོད་བྱེད་རྒྱུའི་དབང་ཚད་མེད་པར་བཙན་ཤེད་ཀྱིས་ནག་ཉེས་ངོས་ལེན་བྱེད་དུ་འཇུག་གི་ཡོད་པར་གསུངས་སོང་།
དེ་བཞིན་འདི་གའི་གསར་འགོད་པའི་ཚོགས་གཙོ་ལགས་སུ་བོད་ནང་གི་སྤྱི་ཡོངས་ཀྱི་བཙོན་པའི་གནས་བབ་ལ་གཟིགས་ཕྱོགས་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཞིས་བཞུགས་བོད་མི་རྣམས་དངོས་སུ་རྒྱ་ནག་གི་བཙོན་ཁང་དུ་ཡོད་མིན་ལ་ལྟོས་མིན་གཞི་རྩའི་འགྲོ་བ་མིའི་རིགས་ཀྱི་རྣམ་དཔྱོད་དང་ཐོབ་ཐང་ཁག་ལོངས་སྤྱོད་བྱེད་རྒྱུའི་རང་དབང་གང་ཡང་མེད་པར་བརྟེན་བོད་མི་ཡོངས་རྫོགས་རྒྱ་ནག་གི་དབང་བསྒྱུར་འོག་གི་བཙོན་པ་ཡིན་པར་འགྲེལ་བརྗོད་གནང་སོང་།
དེ་བཞིན་ཁོང་གིས་བཙན་བྱོལ་གྱི་བོད་མི་རྣམས་ནི་གཞིས་བཞུགས་བོད་མི་རྣམས་ཀྱི་མགྲིན་ཚབ་པ་ཡིན་སྟབས་གོ་སྐབས་ནམ་བྱུང་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་གཞིར་བཞག་གིས་ལས་འགུལ་སྤེལ་ཏེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བཙོན་པའི་གནས་སྟངས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཁྱབ་བསྒྲགས་བྱེད་རྒྱུ་གལ་ཆེན་ཡིན་པའི་ཞུ་སྐུལ་གནང་སོང་།
གཞི་རྩའི་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་གྱི་ཉིན་མོ་ནི་ལོ་རབས་བདུན་བཅུའི་ནང་ཐོག་མར་ཁ་ན་ཊའི་ནང་དུ་འགོ་ཚུགས་ཤིང་། ཕྱིས་སུ་ཨ་རི་དང་དབྱིན་ཡུལ་གྱི་གཙོ་བྱས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་ཀྱིས་ཀྱང་དེ་རིང་གི་ཉིན་མོ་འདི་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་གྱི་ཉིན་མོར་ངོས་འཛིན་གྱིས་རིམ་གྱིས་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་དུས་དྲན་གྱི་ཉིན་མོ་ཞིག་ཆགས་ཡོད་པ་ལྟར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཀྱང་གཞུང་འབྲེལ་གྱིས་ཉིན་མོ་འདི་ནི་རྒྱ་ནག་གི་བཙོན་ཁང་ནང་ནས་རྐྱེན་ལམ་དུ་ཤོར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་གུས་བཀུར་དང་དྲན་རྟེན་གྱི་ཉིན་མོར་གཏན་འབེབས་གནང་སྟེ། ཉིན་མོ་འདིར་རྒྱ་ནག་གིས་བོད་མི་རྣམས་བཙོན་འཇུག་མནར་གཅོད་གཏོང་བཞིན་པར་གདུང་སེམས་མཉམ་སྐྱེད་དང་ཁོང་ཚོས་གནས་བབ་ཐེར་འདོན་གྱི་ཉིན་མོ་སྲུང་བརྩི་བྱེད་མུས་ལྟར། དེ་རིང་གི་ཉིན་མོ་འདིར་བོད་ནང་གི་ཆབ་སྲིད་བཙོན་པ་གློད་གྲོལ་དང་། འཛིན་བཟུང་མཚམས་འཇོག དེ་བཞིན་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་དགོས་བ་སོགས་དང་འབྲེལ་ནས། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་བྱས་པའི་ཐོབ་ཐང་གི་སྡེ་ཁག་རྣམས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུར་དོན་ཚན་བདུན་གྱི་ཐོག་ནས་ཞུ་སྐུལ་གནང་ཡོད་པ་རེད།