Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་མང་གཙོའི་གཟེངས་རྟགས་ཕུལ་རྒྱུ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཨ་རིར་རྟེན་གཞི་བྱས་པའི National Endowment for Democracy ཞེས་རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གིས་བོད་མའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་དོན་ལས་འགུལ་ལྟེ་གནས་ཁང་གི་སྐུ་ཚབ་ཏུ་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས་དང་འབུམ་རམས་པ་རྒྱལ་ལོ་ལགས་བཅས་ལ་མང་གཙོའི་གཟེངས་རྟགས་ཕུལ་རྒྱུ་རེད་འདུག

NED Award Tibetans

དེ་ཡང་ལྟེ་གནས་ཁང་དེའི་ངོས་ནས་ལོ་ལྟར་མང་གཙོ་དང་རང་དབང་གོང་འཕེལ་ཐད་རླབས་ཆེན་གྱི་ཕྱག་ལས་གནང་མཁན་ཚོགས་སྒེར་རྣམས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ལོའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་ཉིད་རིང་མིན་ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་གོ་སྒྲིག་གནང་གི་ཡོད་པ་དང་། འདི་ལོའི་ Democracy Award འམ་མང་གཙོའི་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་བཞིན་རྒྱལ་སྤྱིའི་ཚོགས་སྒེར་གསུམ་ལ་ཕུལ་རྒྱུ་ཡིན་པའི་ཁོངས་སུ་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་འོག་བོད་ཕྲུག་སློབ་མ་རྣམས་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་གཏན་ནས་མེད་པའི་ཛ་དྲག་གི་གནས་སྟངས་ཆགས་པའི་གནས་ཚུལ་མཁོ་སྒྲུབ་གནང་མཁན་ Tibet Action Institute འམ་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས་དང་འབུམ་རམས་པ་རྒྱལ་ལོ་ལགས་སུ་འཕུལ་གཏན་ཁེལ་འདུག

National Endowment for Democracy

དེ་བཞིན་ལྟེ་གནས་ཁང་དེའི་ངོས་ནས་ Democracy Service Medal ཞེས་མང་གཙོ་གོང་འཕེལ་དང་འབྲེལ་བའི་ཞབས་ཞུའི་ལས་དོན་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་བཞིན་རྒྱལ་སྤྱིའི་དབུ་ཁྲིད་གང་ཟག་དྲུག་ལ་ཕུལ་གཏན་ཁེལ་བའི་ཁོངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡོད་པ་རེད་འདུག གཟེངས་རྟགས་དེ་བཞེས་མཁན་གང་ཟག་དྲུག་དེ་དག་ཁོངས་སུ་ཨུ་རུ་སུ་དང་། Belarus ནང་གི་རང་དབང་འཐབ་རྩོད་པ་ཙམ་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Pelosi མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Mitch McConnell ལགས་བཅས་ཀྱང་ཡོད་པ་རེད་འདུག

NED རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གིས་ཐེངས་འདིའི་མང་གཙོའི་གཟེངས་རྟགས་བརྒྱུད་བོད་དང་། ཡུཀརེན། སུ་ཌན་བཅས་ཀྱི་ནང་ གཞོན་སྐྱེས་དང་གཉོད་ཆུང་བུ་ཕྲུག་རྣམས་ཀྱི་རང་དབང་ཐོབ་ཐང་སྲུང་སྐྱོབ་སླད་འབྲེལ་ཡོད་དཔོན་རིགས་ལ་དྲི་རྩད་དང་། དྲག་གནོན་རིགས་ཀྱི་དཔང་རྟགས་ཕྱོགས་བསྒྲིགས། དེ་བཞིན་གཞི་རིམ་གྱི་ལས་འགུལ་སྤེལ་མཁན་ཕྱག་སྦྲེལ་རྣམས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་ཞུ་རྒྱུ་མ་ཟད། མཛད་སྒོ་དེའི་ཐོག་དམིགས་བསལ་གྱི་གླུ་གཞས་བརྒྱུད་ནས་ Venezuela མི་མང་ལ་ཡང་ཆེ་བསྟོད་གནང་རྒྱུ་ཡིན་པ་གསུངས་འདུག

Ken_Wollack_01_DA

ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་ Kenneth Wollack  ལགས་ཀྱིས་སྥྱི་ལོ་ ༢༠༢༤ ལོའི་མང་གཙོའི་གཟེངས་རྟགས་དེ་བཞིན་འཛམ་གླིང་ཁྱོན་ཡོངས་སུ་མང་གཙོ་གོང་འཕེལ་གཏོང་རྒྱུའི་ཐད་རང་གི་མི་ཚེ་ཧྲིལ་པོ་ཞབས་འདེགས་ཀྱི་ཚུལ་དུ་བཏང་གནང་མཁན་གྱི་ཕྱག་སྦྲེལ་མི་སྣ་ཚོའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཆེ་བསྟོད་ཀྱིས་ཕུལ་རྒྱུ་ཡིན་པ་དང་། ལྟེ་གནས་ཁང་གིས་མང་གཙོའི་འཐབ་རྩོད་པ་དེ་དག་གི་ཕྱག་ལས་ལ་ངོས་འཛིན་ཐུབ་པར་སྤོབས་པ་ཡོད་པ་མ་ཟད་ཁོང་རྣམ་པའི་ལས་འགུལ་སྤེལ་བཞིན་པ་དག་ལ་ཡང་རྒྱབ་སྐྱོར་ཡོད་པ་གསུངས་འདུག

དེ་བཞིན་དུ་ལྟེ་གནས་ཁང་དེ་ཉིད་ནས་རྒྱ་ནག་དང་ Burma གཙོས་འཛམ་གླིང་ས་ཕྱོགས་ཁག་གཞན་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་དྲག་གནོན་ཐད་གདོང་ལེན་གྱིས་གླེང་སློང་གནང་ཐུབ་མཁན་དང་མང་གཙོའི་མགྲིན་ཚབ་པ་རྣམས་ལ་རྒྱབ་སྐྱོར་དང་རང་དབང་གོང་འཕེལ་ཐད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Pelosi དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ McConnell ལགས་གཉིས་ལ་ཆེ་བསྟོད་ཀྱིས་ངོས་འཛིན་གནང་རྒྱུར་སྤྲོ་སེམས་ཆེན་པོ་ཡོད་པའི་འགྲེལ་བརྗོད་གནང་འདུག

Damon Wilson NED

དེ་ཡང་ NED གྱི་ཚོགས་གཙོ་སྐུ་ཞབས་ Damon Wilson ལགས་ཀྱིས་ཆེ་བསྟོད་གཟེངས་རྟགས་ཕུལ་སའི་ཕྱག་སྦྲེལ་མི་སྣ་དང་འགོ་ཁྲིད་པ་ཚོ་དེང་དུས་གཉན་འཕྲང་གི་དུས་སྐབས་སུ་ཡང་རང་དབང་གོང་འཕེལ་ཐད་ཞུམ་པ་མེད་པའི་སྙིང་སྟོབས་ལྡན་པའི་ཐོག་ཕྱག་ལས་གནང་མཁན་ཞིག་ཡིན་པ་མཚོན་ཐུབ་ཀྱི་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་ཆབ་སྲིད་ཚོགས་པ་རིས་མེད་ཐོག་མང་གཙོ་སྲ་བརྟན་ཆེད་དུ་ཚད་མཐོའི་རྒྱབ་སྐྱོར་ཡོད་པ་ཡང་མཚོན་ཐུབ་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་འདུག

གཞི་རྩའི་ NED མང་གཙོ་གོང་འཕེལ་ལྟེ་གནས་ཁང་ནི་རྒྱལ་སྤྱིའི་ཐོག་མང་གཙོ་རྒྱ་སྐྱེད་གཏོང་ཐབས་སུ་དམིགས་ཏེ་ཐོག་མར་ཕྱི་ལོ་ ༡༩༨༣ ལོར་ཨ་རི་ནང་ཆེད་འཛུགས་གནང་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་ཚོགས་པ་དེས་རྒྱལ་སྤྱིའི་ཡུལ་གྲུ་ཁག་དུ་མའི་ནང་མང་གཙོ་དང་འབྲེལ་བའི་ཚོགས་པ་དང་ཤེས་ཡོན་བསྟི་གནས་སོགས་ལ་དཔལ་འབྱོར་གྱི་རོགས་རམ་མི་ཉུང་བ་ཞིག་གནང་བཞིན་ཡོད་པ་རེད། ལྟེ་གནས་ཁང་དེས་ཕྱི་ལོ་ ༢༠༠༣ ནས་བཟུང་རྒྱལ་སྤྱིའི་ཐོག་མང་གཙོ་གོང་འཕེལ་ཐད་ཕྱག་ལས་གཟེངས་སུ་ཐོན་པ་གནང་མཁན་ཚོགས་སྒེར་ཁག་ལ་མང་གཙོའི་གཟེངས་རྟགས་ཕུལ་རྒྱུ་དབུ་འཛུགས་གནང་ཡོད་པ་དང་། གཟེངས་རྟགས་དེའང་རྒྱ་ནག་གི་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞི་དོན་རྐྱེན་སྐབས་སུ་མང་གཙོའི་ལས་འགུལ་བ་རྣམས་ཀྱིས་སྒྲེང་འཛུགས་གནང་བའི་ Goddess of Democracy ཞེས་མང་གཙོ་དང་རང་དབང་གི་ལྷ་མོའི་འདྲ་བཤུས་ཞིག་ཡིན་པ་རེད།

Goddess of Democracy

ལྟེ་གནས་ཁང་གི་ངོས་ནས་གཟེངས་རྟགས་དེ་ཉིད་དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་ཆེ་མཐོང་སོགས་ཀྱི་གནས་སྟངས་གོང་མཐོར་གཏོང་གནང་མཛད་པའི་མཛད་རྗེས་ལ་ངོས་འཛིན་གྱིས་ཕུལ་མྱོང་ཡོད་པ་དང་།  གཞན་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་ཉིད་ཚད་ལྡན་མང་གཙོ་ལམ་ལུགས་སུ་ཤར་བསྐྱོད་གནང་བཞིན་པ་མང་གཙོའི་ལམ་སྲོལ་སྲ་བརྟན་ཡོད་བཞིན་པ་དེར་ངོས་འཛིན་དང་ཆེ་བསྟོད་ཞུ་ཆེད་དུ་གཟེངས་རྟགས་དེ་ཕུལ་མྱོང་ཡོད་པ་མ་ཟད། རྒྱ་ནག་གི་བཙོན་ཁང་ནང་འདས་གྲོངས་སུ་འགྱུར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་བཅས་ལ་ཕུལ་མྱོང་ཡོད་པ་རེད།

Dalai Lama NED

འབྲེལ་ཡོད་གསར་གནས།

གསར་གནས།