བོད་མིའི་སྒྲིག་འཛུགས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་དང་། བདུད་འདུལ་རྡོ་རྗེ་ལགས་རྣམ་གཉིས་དྲུང་ཆེར་གནས་སྤར་གནང་བ་ལྟར། ཁ་སང་ཕྱི་ཚེས་ ༢༤ ཉིན་བྱམས་པ་ཕུན་ཚོགས་ལགས་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དང་། བདུད་འདུལ་རྡོ་རྗེ་ལགས་ནས་དེ་རིང་ཕྱི་ཚེས་ ༢༥ ཉིན་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་ཁུར་དབུ་འཛུགས་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་། ཁ་སང་འཕྲོད་བསྟེན་ལས་ཁུངས་སུ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་འཕར་བདེ་སྐྱིད་སྒྲོལ་དཀར་ལགས་དང་། འཕྲོད་བསྟེན་དྲུང་ཆེ་གསར་པ་བྱམས་པ་ཕུན་ཚོགས་ལགས། དེ་བཞིན་གཞུང་འབྲེལ་དཔང་པོའི་ཚུལ་དུ་སྤྲོད་དཔང་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་གནང་སྟེ་དྲུང་འཕར་བདེ་སྐྱིད་སྒྲོལ་དཀར་ལགས་དང་དྲུང་ཆེ་གསར་པ་བྱམས་པ་ཕུན་ཚོགས་ལགས་གཉིས་དབར་གཞུང་འབྲེལ་ཡིག་ཆ་བརྗེ་རེས་ཀྱིས་ཞབས་སྟེགས་རྩིས་སྤྲོད་གནང་ཡོད་པ་རེད་འདུག་ལ། སྐབས་དེ་དུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་དྲུང་ཆེ་གསར་པ་བྱམས་པ་ཕུན་ཚོགས་ལགས་སུ་འཚམས་འདྲིའི་མགུལ་དར་ཕུལ་གྲུབ་མཚམས་སུ་རྟེན་འབྲེལ་བཟང་པོའི་གསོལ་ཇ་དང་འབྲས་སིལ་ཕུལ་གནང་འདུག
ཕྱོགས་མཚུངས་དེ་རིང་ཆོས་རིག་ལས་ཁུངས་སུ་རྩིས་སྤྲོད་རྩིས་ལེན་གྱི་སྤྲོད་དཔང་དུ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། དྲུང་ཆེ་གསར་པ་བདུད་འདུལ་རྡོ་རྗེ་ལགས། དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་བཅས་ལྷན་འཛོམས་ཀྱིས་ཕེབས་བསུའི་རྟེན་འབྲེལ་མཚོན་ཆེད་དུ་གསོལ་ཇ་ཞལ་ཏོག་འདེགས་འབུལ་ཞུས་རྗེས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྐུ་ཕྱག་དང་མཇལ་དར་བསྒྲོན་ཏེ་རྩིས་སྤྲོད་རྩིས་ལེན་གྱིས་ཆོས་རིག་དྲུང་ཆེ་གསར་པར་ཞབས་སྟེགས་རྩིས་སྤྲོད་གནང་འདུག་པ་དང་། དྲུང་ཆེ་དྲུང་འཕར་བཅས་ནས་རིམ་པས་གསུང་བཤད་གནང་སྟེ་རྟེན་འབྲེལ་གྱི་མཛད་སྒོ་བདེ་ལེགས་ངང་གྲོལ་འདུག
གཞི་རྩའི་རང་ལོ་ ༤༥ ལ་ཕེབས་པའི་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ནི་ཀོ་ལེ་གྷལ་དོན་ལྡན་གཞིས་ཆགས་ནས་ཡིན་པ་དང་། ཕྱི་ལོ ༢༠༠༧ ལོའི་ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པའི་ལས་ཁུར་བཞེས་ཏེ་ཕྱི་ལོ ༢༠༠༨ ལོའི་ཟླ ༦ ནང་གཏན་འཇགས་ལས་བྱེད་དུ་གྱུར་བ་ཞིག་རེད་འདུག ཁོང་གིས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་བའི་རྒྱུད་རིམ་ཁྲོད་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་དང་། སྦེལ་ཀོབ་བདེ་སྐྱིད་སླར་གསོ། དེ་བཞིན་ལྡེ་རུ་ལྡུན་ཁུལ་གྱི་བདེ་སྐྱིད་གླིང་བཅས་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་གྱི་ལས་འགན་བཞེས་ཡོད་པ་རེད། དེ་ནས་ཕྱི་ལོ་ ༢༠༡༦ ལོར་ཁོང་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས་ཀྱིས། ཕྱི་ལོ་ ༢༠༡༩ ལོར་དྲུང་འཕར་གནས་རིམ་དུ་གནས་སྤར་བྱུང་སྟེ་ལས་འགན་རང་འཇགས་བཞེས་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོར་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དུ་བསྐོ་བཞག་གནང་འདུག་ལ། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༡༧ ནས་དྲུང་ཆེ་ཆེན་མོར་གནས་སྤར་བྱུང་ཡོད་པ་ཞིག་རེད་འདུག
དེ་བཞིན་རང་ལོ་ ༤༤ ལ་ཕེབས་པའི་ཆོས་རིག་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ནི་ལ་དྭགས་གཞིས་ཆགས་ནས་ཡིན་པ་དང་། ཚོང་ལས་ཐོག་མཐོ་རིམ་འགྲིམས་རྗེས་ཕྱི་ལོ་ ༢༠༠༡ ཟླ་བ་ ༧ ནས་ལོ་གསུམ་རིང་དཔལ་འབྱོར་རང་ཁོངས་ལས་བྱེད་ངོ་བོར་གངས་སྐྱིད་ལས་བྱེད་གསོལ་ཚང་གི་རྩིས་པའི་ལས་ཁུར་ཞུས་འདུག ཁོང་གིས་ཕྱི་ལོ་ ༢༠༠༨ ནས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་གཞོན། དེ་ནས་རིམ་པས་བལ་ཡུལ་དང་སྒང་ཏོག་ས་གནས་འགོ་འཛིན་གྱི་ལས་འགན་བཞེས་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོར་ནང་སྲིད་ལས་ཁུངས་ཀྱི་རྩིས་དཔོན་དང་། ཕྱི་ལོ་ ༢༠༢༠ ནས་ཆོས་རིག་དང་། དཔལ་འབྱོར། བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་ལས་ཁུར་ཞུས་བ་དང་ཆབས་གཅིག་སྣེ་ལེན་ཁང་གི་འགན་འཛིན་གཅིག་ལྕོགས་ཀྱི་ལས་ཁུར་ཀྱང་ཞུས་ཡོད་པ་རེད་འདུག