Tibetan Royal Year of 2151 | Year of the Wood Dragon

མགོ་ལོག་ཁུལ་གྱི་གནས་ཆེན་གཉན་པོ་གཡུ་རྩེ་རུ་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

རྒྱ་གཞུང་གིས་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་ཀྱི་གནས་རི་གཉན་པོ་གཡུ་རྩེ་རུ་ས་གནས་རྒྱ་གཞུང་ལས་ཁུངས་ནས་ཆོག་མཆན་མ་ཐོབ་པར་མི་སྒེར་དང་ཚོགས་པ་ཁག་ནས་གནས་རི་དེར་སྐྱེ་ཁམས་ཉམས་ཞིབ་དང་ཚན་རིག་བརྟག་དཔྱད་རིགས་བྱེད་མི་ཆོག་པའི་བཙན་བཀའ་བཏང་བ་མ་ཟད།བོད་མི་གནས་མཇལ་བ་རྣམས་ནས་ས་ཚིགས་འདིའི་ཐོག་ཆོས་ལུགས་ཀྱི་གནང་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་དམ་དྲག་གི་བརྡ་ཁྱབ་བཏང་འདུག

དེ་ཡང་ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་།  མགོ་ལོག་ཁུལ་གྱི་རང་བྱུང་ཁོར་ཡུག་དོ་དམ་ལས་ཁུངས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་དོན་ཚན་ལྔ་ཅན་གྱི་བརྡ་ཁྱབ་ཅིག་བཏང་ཡོད་པའི་ནང་། མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་པའི་མི་སྒེར་དང་ཚོགས་པ་ཁག་ནས་ས་གནས་རྒྱ་གཞུང་ལས་ཁུངས་ཀྱིས་ཆོག་མཆན་མེད་པར་གནས་རི་གཉན་པོ་གཡུ་རྩེར་སྐྱེ་ཁམས་ཉམས་ཞིབ་དང་ཚན་རིག་བརྟག་དཔྱད་རིགས་བྱེད་མི་ཆོག་པ་བཟོས་ཡོད་པ་མ་ཟད།  ཆོག་མཆན་མེད་པའི་བྱ་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། གལ་ཏེ་གང་ཟག་སྒེར་དང་ཚོགས་པ་གང་རུང་གིས་བཀོད་ཁྱབ་དེར་བརྩི་སྲུང་མ་བྱས་ཚེ་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་དྲག་པོ་གཏོང་རྒྱུ་ཡིན་ལུགས་བརྗོད་འདུག

དེ་བཞིན་ས་གནས་བོད་མི་རྣམས་ནས་ཀྱང་གནས་ཆེན་དེར་སྐོར་བར་ཕེབས་པ་དང་མཆོད་མཇལ་དུ་འགྲོ་བ། དེ་བཞིན་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ལུགས་དང་འབྲེལ་བའི་གནང་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་བཙན་བཀའ་བཏང་འདུག

ས་གནས་མགོ་ལོག་བོད་མི་ཚོས་གསུངས་ན། རྒྱ་ནག་གཞུང་གིས་གནས་རི་གཉན་པོ་གཡུ་རྩེ་སྒོ་བརྒྱབས་ཏེ། ཡུལ་སྐོར་བ་བཀག་འགོག་ཙམ་མ་ཟད། ཐ་ན་ས་གནས་མི་མང་ནས་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་བཀག་འགོག་བྱེད་བཞིན་པ་དེ་ནི་རྒྱ་གཞུང་གིས་བསམ་བཞིན་དུ་ས་གནས་བོད་མི་ཚོའི་ཆོས་ཕྱོགས་ཀྱི་གནང་སྒོར་ཞུགས་རྒྱུ་དམ་དྲག་བྱས་པ་ཞིག་ཡིན་པ་དང་ཆབས་ཅིག བོད་ཀྱི་ཆོས་དང་རིག་གཞུང་བཅས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ཞིག་ལས་གཞན་གང་ཡང་མིན་པར་ངོས་འཛིན་གནང་བཞིན་ཡོད་འདུག

Nyenpo Yurtse lake

ལྟེ་གནས་ཁང་གིས་ད་དུང་། གནས་རི་གཉན་པོ་གཡུ་རྩེ་དེ་ནི་བོད་མི་ཚོར་ཆ་མཚོན་ན་གནས་རྩ་ཆེན་ཞིག་དང་། ལྷག་པར་ས་ཚིགས་དེར་ཕྱི་ལོ་ ༡༩༩༢ ལོའི་ཟླ་བ ༧ པའི་ཚེས ༡༧ ཉིན་ཡུལ་དེའི་ཤོག་ཁག་ཆེ་ཤོས་གཉིས་ཏེ། ཨ་སྐྱོང་ཁང་རྒན་དང་ཨ་སྐྱོང་ཁང་གསར་གཉིས་ཀྱིས་ཕན་ཚུན་འཁོན་འཛིང་མཚམས་འཇོག་སླད་དམག་འཁྲུག་མཚམས་འཇོག་གི་གྲོས་ཆོད་བཞག་ཡོད་པ་དང། དུས་དེ་ནས་བཟུང་ཤོག་ཁག་གཉིས་ཀས་གཉན་པོ་གཡུ་རྩེ་རུ་བོད་ཟླ་དྲུག་པའི་ནང་དར་ལྕོག་བཙུགས་པ་དང་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་ལས་དོན་གཉེར་གྱི་ཡོད་པ་དང་། ཁུལ་དེར་གནས་སྡོད་གནང་མཁན་ཚོས་གནས་རི་དེ་ཉིད་མགོ་ལོག་གི་མེས་པོའི་ཁྱིམ་ཡུལ་དུ་ངོས་འཛིན་གྱིས་རི་བོ་དེ་དང་འབྲེལ་བ་དམ་ཟབ་ཡོད་སྟབས། གནས་ཆེན་གཉན་པོ་གཡུ་རྩེར་ཆོས་ལུགས་ཀྱི་གནང་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་བརྡ་ཁྱབ་འདིས་ས་གནས་བོད་མི་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མངོན་གསལ་གནང་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་ས་གནས་བོད་མི་ཚོས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་སྔ་གནས་རི་གཉན་པོ་གཡུ་རྩེར་ལོ་རེར་ཆ་སྙོམས་བོད་མི་གནས་མཇལ་བ་དང་ཡུལ་སྐོར་བ་ཁྲི་ཁྲག་མང་པོ་ཡོང་གི་ཡོད་ཀྱང་། རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་ཁོར་ཡུག་སྲུང་སྐྱོབ་སོགས་ལ་ཁ་གཡར་ནས་གཉན་པོ་གཡུ་རྩེ་སྒོ་བརྒྱབས་རྗེས་གནས་མཇལ་བ་དང་ཡུལ་སྐོར་བ་སོགས་ཡོང་མཚམས་ཆད་ཡོད་པ་རེད་འདུག

དེ་བཞིན་ལྟེ་གནས་ཁང་གིས་གནས་རི་དེའི་མཐའ་སྐོར་དུ་ཆུ་ཚན་དང་སྨན་ཆུ་སྣ་ཚོགས་དང་།  མཚོ་དང་རྫིང་བུ་ཁྱོན་ ༣༦༠ ཙམ་ཡོད་པ་མ་ཟད། གཉན་པོ་གཡུ་རྩེའི་རྩེ་མོར་ལོ་ངོ་མང་པོའི་འཁྱགས་རོམ་ཆགས་ཡོད་སྟབས། རྒྱ་གཞུང་གིས་ས་ཁུལ་འདི་ཆུའི་བྱུང་ཁུངས་གལ་ཆེན་ཞིག་ལ་ངོས་འཛིན་གྱིས། འཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་མ་འོངས་པར་བོད་ཀྱི་གངས་རི་དང་མཚོ་ཁ་ནས་རྒྱ་ནག་ནང་གི་ཆུའི་དཀའ་ངལ་སེལ་ཐབས་ཀྱི་ངན་བྱུས་གཤོམ་གྱི་ཡོད་པ་གསལ་བཏོན་དང་འབྲེལ། ལྷག་པར་འདི་ལྟ་བུའི་བརྡ་ཁྱབ་བཏང་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་བཅས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ལ་དམིགས་ཡིན་པ་བཀོད་འདུག

Nyenpo Yurtse lake

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་འདི་གའི་གསར་ཁང་ལ་འགྲེལ་བརྗོད་གནང་བར། གནས་ཆེན་གཉན་པོ་གཡུ་རྩེ་དེ་ནི་བོད་མི་ཚོར་ཆ་མཚོན་པ་ཡིན་ན་གནས་རྩ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་བོད་བརྒྱུད་ནང་བསྟན་ནི་བོད་མིའི་ངོ་བོ་མཚོན་བྱེད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྟབས། ས་ཚིགས་དེའི་ཐོག་འདི་ལྟར་དམ་དྲག་བྱེད་བཞིན་པ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་དེ་རྩ་མེད་བཟོ་ཐབས་ཀྱི་འཆར་གཞི་ལྡན་པའི་ངན་བྱུས་ཞིག་ཡིན་སྐོར་དང་། ལྷག་པར་སྔ་ལོའི་ཕྱི་ཟླ་ ༩ ནང་བོད་གསེར་རྟ་རྫོང་ནས་ཡིན་པའི་བོད་མི་དགེ་ལོ་དང་ཚེ་རྡོ། འབའ་མོ། ཀོ་རིས་བཅས་ཀྱི་བསང་གསོལ་དང་ཞབས་རིམ་གསོག་སྒྲུབ་སོགས་ཆོས་ཕྱོགས་ཀྱི་བྱ་བ་སྤེལ་བའི་ཉེས་མིང་ལོ་གཉིས་རེའི་ཁྲིམས་ཐག་བཅད་པ་དང་། ཟླ་བ་འདི་རང་ནས་བཟུང་བོད་ནང་ཆོས་ལུགས་ཀྱི་ལས་དོན་ལ་ཚོད་འཛིན་དམ་བསྒྲགས་ཀྱི་ཁྲིམས་སྒྲིག་ཨང་ ༡༩ ལག་བསྟར་བྱེད་འགོ་བཙུགས་སྟེ། བོད་པའི་དགོན་སྡེ་ཁག་ནས་༸གོང་ས་མཆོག་ལ་ཡོངས་གྲགས་མཚན་སྨད་ཞུ་རྒྱུར་མོས་མཐུན་མ་གནང་མཁན་ཚོར་རྒྱལ་ཁབ་ཁ་བྲལ་བར་ངོས་འཛིན་གྱིས་གང་ཟག་དེ་དྲག་གནོན་གྱི་གནས་སྟངས་འོག་ལྷུང་ངེས་ཡིན་པ་སོགས་བོད་མིའི་ཆོས་ཕྱོགས་དང་ཆབ་སྲིད་ལས་དོན་ཁག་གི་ཐོག་སྔར་ལྷག་ཚོད་འཛིན་དམ་བསྒྲགས་བྱས་དང་བྱེད་མུས་ཡིན་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།