Tibetan Royal Year of 2151 | Year of the Wood Dragon

ཞི་ཅིན་ཕིང་གི་མཚོ་སྔོན་ལྟ་སྐོར་དེ་ནི་རྒྱ་གཞུང་གིས་བོད་མིའི་ཐོག་རྒྱ་བསྒྱུར་གྱི་སྲིད་བྱུས་དེ་མུ་མཐུད་ལག་བསྟར་མཁྲེགས་འཛིན་བྱས་བཞིན་པའི་རྣམ་པ་རེད།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ནུབ་བྱང་མཚོ་སྔོན་ཞིང་ཆེན་ནང་ལྟ་སྐོར་བྱས་ཡོད་པ་དང་ཁོ་པའི་ལྟ་སྐོར་དེ་ནི་རྒྱ་གཞུང་གིས་བོད་མིའི་ཐོག་མི་རིགས་རྩ་གཏོར་གྱིས་རྒྱ་བསྒྱུར་སྲིད་བྱུས་དེ་མུ་མཐུད་ལག་བསྟར་མཁྲེགས་འཛིན་བྱས་བཞིན་ཡོད་པའི་རྣམ་འགྱུར་བསྟན་ཕྱིར་དམིགས་པ་ཞིག་ཡིན་པར་གསུངས་སོང་།

དེ་ཡང་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཞི་ཅིན་ཕིང་ཁ་ཉིན་ཕྱི་ཚེས་ ༡༨ ཉིན་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནང་ཡོད་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དང་ཙོང་ཁ་དགོན་གཉིས་སུ་ལྟ་སྐོར་བྱས་ཏེ། ཡུལ་དེའི་ནང་རྒྱ་ནག་གི་སློབ་གསོའི་ལས་དོན་གྱིས་ཤར་ནུབ་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར། དེ་བཞིན་ཀྲུང་ཧཱ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་སློབ་གསོར་ཤུགས་སྣོན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱ་ཆེད་ཡིན་པ་བཀོད་འདུག

འོན་ཀྱང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་ད་ལྟའི་ཆར་ནུབ་ཕྱོགས་མང་གཙོའི་རྒྱལ་ཁབ་མང་པོས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་དང་ལྷག་དོན་ཆེས་དམ་བསྒྲགས་འོག་ནས་གཉེར་བཞིན་པའི་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་སྐོར་དང་འབྲེལ་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་ཁྲོད་ཐེངས་འདིར་ཞི་ཅིན་ཕིང་གིས་གློ་བུར་དུ་བོད་ཀྱི་ས་གནས་སུ་ལྟ་སྐོར་བྱས་པ་དེས་རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་མི་རིགས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་གཏོར་བཏང་སྟེ་རྒྱ་བསྒྱུར་གྱི་སྲིད་བྱུས་དེ་ལག་བསྟར་མཁྲེགས་འཛིན་བྱས་བཞིན་ཡོད་པ་ནན་བརྗོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྣམ་འགྱུར་དྲག་པོ་བསྟན་ཕྱིར་དམིགས་པ་ཞིག་ཡིན་པར་གསུངས་སོང་།

Xi jinping

བོད་ནང་གི་བོད་མི་ཁག་ཅིག་གིས་བཙན་བྱོལ་བརྒྱུད་ལམ་ཁག་ཏུ་གསུངས་གསལ་ལྟར་ན། ཞི་ཅིན་ཕིང་གིས་ཐེངས་འདིའི་མཚོ་སྔོན་ཞིང་ཆེན་ནང་གི་སྐོར་བསྐྱོད་དང་འབྲེལ་ཟླ་བ་འདིའི་ཚེས་ ༡༧ ནས་ ༡༨ བར་ཉིན་གྲངས་གཉིས་ཀྱི་རིང་གློ་བུར་དུ་བོད་མདོ་སྨད་ཟི་ལིང་གྲོང་ཁྱེར་གྱི་སྲང་ལམ་ཡོངས་རྫོགས་བཀག་སྡོམ་བྱས་པར་ས་གནས་བོད་མི་རྣམས་ནས་སེམས་འཚབ་གནང་ཡོད་ཅིང་། ཁ་སང་ཕྱི་ཚེས་ ༡༩ ཉིན་ལྷོ་རི་ལམ་གྱི་ལྷོའི་སྲང་ལམ་ཆེ་བའི་རླངས་འཁོར་འཇོག་ས་སོགས་ཀྱི་བཀག་རྡོའང་གཙང་བཟོ་བྱས་ཡོད་པའི་ཁྲོད་བོད་མི་ཚོས་ཁ་སང་གཞི་ནས་གསར་འགྱུར་ལས་ཞི་ཅིན་ཕིང་ཨ་མདོ་ཟི་ལིང་དུ་གཟིགས་སྐོར་ལ་སླེབས་ཡོད་པ་ཤེས་རྟོགས་བྱུང་ཞེས་བརྗོད་འདུག

མ་ཟད་འདས་པའི་ཉིན་ཤས་རིང་ཟི་ལིང་གྲོང་ཁྲེར་མཁར་དཀྱིལ་ཁུལ་དུ་ཕྱི་ཕྱོགས་ནས་ཟས་རིགས་མངག་ཉོ་མི་ཆོག་པ་དང་ཙོང་ཁ་དགོན་ནམ་ཨ་ལགས་སྒར་བའི་ཉེ་འགྲམ་གྱི་རྒྱ་གྲམ་དམར་པོའི་སྨན་ཁང་གི་སྒེའུ་ཁང་ཡང་ཕྱེ་མི་ཆོག་པ་བཟོད་ཡོད་ཅེས་བརྗོད་འདུག

Xi jinping

གཞི་རྩའི་ཐེངས་འདིར་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་བོད་ཀྱི་ས་གནས་སུ་ལྟ་སྐོར་བྱས་པ་དེ་ནི་ཁོ་པ་རྒྱ་ནག་གི་སྲིད་འཛིན་ཆགས་པའི་རྗེས་སུ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང་དེའི་ཁྲོད་དེ་སྔ་ཕྱི་ལོ་ ༢༠༡༦ དང་ ༢༠༢༡ བཅས་ལ་ལྟ་སྐོར་དང་འབྲེལ་གཙོ་བོ་མི་རིགས་སྲིད་ཇུས་རྒྱུན་འཁྱོངས་དང་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་ཚུལ་ནན་བརྗོད་བྱས་ཡོད་པ་རེད་ལ། སྐབས་དེར་ཉིན་གྲངས་གསུམ་གྱི་རིང་མཚོ་སྔོན་ཞིང་ཆེན་དུ་དབྱེ་བའི་མདོ་སྨད་རྐང་ཚ་དང་ཟི་ལིང་གྲོང་ཁྱེར་བཅས་སུ་སྐོར་བསྐྱོད་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༡ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་པ་དེ་ནི་ཁོ་པ་རྒྱ་ནག་གི་སྲིད་འཛིན་ཆགས་པའི་རྗེས་ཐེངས་དང་པོ་ཡིན་པ་རེད།

འོན་ཀྱང་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཁོ་པ་ལྷ་སར་འབྱོར་བའི་བརྙན་པར་ཁག་གཅིག་ཕྱིར་གྱར་བྱུང་བ་མ་གཏོགས་རྒྱ་ནག་གིས་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བ་རྩ་བ་ནས་མེད་སྟབས། བོད་མི་རྣམས་ཀྱིས་ཁོ་པ་འདི་ལྟ་བུ་གསང་བའི་ཐོག་ནས་ཡོང་དོན་གང་ཡིན་ལ་དོགས་དྲི་དང་ལ་ལས་ས་གནས་བོད་མིའི་ཁྲོད་ནས་ངོ་རྒོལ་གྱི་རྣམ་པ་བསྟན་པར་ཞེད་ནས་ཡིན་སྲིད་པ་དང་། དེ་བཞིན་བརྙན་ནང་ཁོ་པར་དགའ་བསུ་ཞུ་མཁན་བོད་མི་མང་པོ་མཐོང་རྒྱུ་མེད་པ་སོགས་མཆན་བཀོད་པ་བཅས་ཕྱོགས་ཡོངས་ནས་དམ་དྲག་ཆེན་པོ་ཡོད་པ་མངོན་གསལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།