Tibetan Royal Year of 2151 | Year of the Wood Dragon

འདེམས་ཐོན་སྤྱི་འཐུས་གཉིས་ཀྱི་ལས་ཁུར་དམ་འབུལ།

Tibetan News Headlines

  • ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་ཐའེ་ཝན་ནང་འཚམས་གཟིགས་གནང་བཞིན་པ།
  • རྒྱ་དཀར་ནག་གཉིས་བར་སླར་ས་མཚམས་གྲོས་མོལ་གནང་ཡང་འདུན་བསྐྱོད་མེད་པ།
  • བོད་ནང་བོད་མིའི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་མཚམས་འཇོག་དགོས།
  • ཤམ་བྷ་ལ་གློག་བརྙན་བྷར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འགྲན་བསྡུར་ནང་ཚུད་པ།
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཕོ་བའི་འབྲས་ནད་སྐོར།

Thursday 22/02/2024

  • US lawmaker visits Taiwan, reassures firm US support for the island nation
  • India, China hold border Talks, no indication of breakthrough in disengagement
  • China called to end campaigns of forced linguistic and cultural assimilation
  • Film starring several Tibetan cast selected for Berlin international film festival 
  • Health and Wellness: stomach cancer

ཉེ་ལམ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དབུས་ཁྲིམས་ཞིབ་པ་གཞན་གཉིས་སྡེབ་གཅིག་ཏུ་འཕོ་འགྱུར་བཏང་བའི་གནད་དོན་ཁྲོད་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་དང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་གཉིས་སྐབས་ ༡༦ པའི་སྤྱི་འཐུས་དང་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་ཡོད་སྟབས། དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ང་གཅིག་པའི་དགོངས་དོན་འོག་མདོ་སྨད་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་ཀྱི་སྒུག་ཐོ་དང་པོ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་རྔ་བ་གངས་རི་ལགས་དང་དབུས་གཙང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་ཀྱི་སྒུག་ཐོ་དང་པོ་སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས་བོད་མི་མང་སྐབས་ ༡༦ སྤྱི་འཐུས་སུ་བསྐོ་གཞག་གནང་ཡོད་པ་རེད།དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་གསར་དུ་བསྐོ་གཞག་བྱུང་བའི་སྤྱི་འཐུས་རྣམ་གཉིས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ དང་ ༤༧ ནང་གསེས་གཉིས་པའི་དགོངས་དོན་འོག་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་དྲུང་ནས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་སོང་བ་དང་དམ་འབུལ་མཛད་རིམ་དེའི་ཐོག་སྤྱི་འཐུས་རྒྱུན་ལས་རྣམས་ལྷན་ཞུགས་གནང་འདུགལས་ཁུར་དམ་འབུལ་གྲུབ་མཚམས་ཚོགས་གཞོན་མཆོག་ནས་སྤྱི་འཐུས་རྣམ་གཉིས་ལ་འཚམས་འདྲི་དང་སྦྲགས་ཏེ་སྐབས་ ༡༦ པའི་སྤྱི་འཐུས་ཀྱི་ལས་ཡུན་ཐུང་ངུ་ཞིག་ལས་ལྷག་མེད་ཀྱང་ལས་དོན་ཁག་མཇུག་སྒྲིལ་གནང་སྟེ་མ་འོངས་སྐབས་ ༡༧ པའི་སྤྱི་འཐུས་ཚོར་རྩིས་སྤྲོད་ཡག་པོ་ཞིག་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས་ཡོད།རླུང་འཕྲིན་ཁང་ནས་གསར་དུ་བསྐོ་གཞག་བྱུང་བའི་བོད་མི་མང་སྤྱི་འཐུས་སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས་དང་དགེ་བཤེས་རྔ་བ་གངས་རི་ལགས་གཉིས་ལ་ད་ལྟའི་སྒྲིག་འཛུགས་ཀྱི་གནས་བབས་ལ་གཞིགས་ཏེ་སྤྱི་འཐུས་ཀྱི་ལས་ཡུན་རིང་ནུས་པ་གང་འདོན་ཐུབ་མིན་སོགས་ཀྱི་གནད་དོན་ཐོག་བཅར་འདྲི་ཁག་ཅིག་ཞུས་པར་སྐབས་བབ་ཁྲིམས་ཞིབ་པ་འཕོ་འགྱུར་བཏང་བའི་གནས་སྟངས་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་པ་ལྷུ་སྒྲིག་ཐུབ་པ་གནང་རྒྱུ་དང་དེ་བཞིན་མང་ཚོགས་ཀྱི་མངོན་འདོད་ལྟར་མང་གཙོའི་ཀ་བ་གསུམ་སླར་གསོ་ཐུབ་རྒྱུར་ཤུགས་སྣོན་རྒྱག་གི་ཡིན་ཞེས་གསུངས་ཡོད།  གཞི་རྩའི་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་བ་དེས་སྤྱི་ཚོགས་ནང་བསམ་ཚུལ་ཆེན་པོ་བྱུང་བ་མ་ཟད་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ་ ༡༡ མཐུན་མོང་གིས་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ཏུ་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་ཕྱིར་འཐེན་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད། དེ་བཞིན་ཁ་སང་ཕྱི་ཚེས་ ༡༣ ཉིན་གཞུང་ཞབས་ཟུར་པ་ ༡༦༥ མཐུན་མོང་གིས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྣམ་པར་ཞུ་སྐུལ་གནང་བ་བརྒྱུད་གྲོས་ཚོགས་ནས་ཁྲིམས་ཞིབ་པ་རྣམ་པ་གསུམ་དུས་གཅིག་ལ་འཕོ་འགྱུར་བཏང་སྟེ་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་མེད་པ་བཟོས་པར་བློ་ཕམ་ཚད་མེད་བྱུང་ཞེས་གསུངས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་པོ་ཉམས་ཆག་མེད་པར་ཆ་ཚང་བ་ཡོང་སླད་དང་། སྤྱི་ཚོགས་ལྷིང་འཇགས་པ། དེ་བཞིན་གྲོས་ཚོགས་ཀྱི་ལས་དོན་ལ་བར་ཆད་མི་ཡོང་བ་བཅས་སྤྱི་དོན་རྒྱ་ཆེ་སར་དགོངས་པ་བཞེས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་ཀ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་ཕྱིར་འཐེན་གནང་སྐྱོང་ཡོང་བ་ཞུ་ཞེས་འབོད་བསྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།