ཟླ་བ་འདིའི་ཕྱི་ཚེས་ ༦ ནས་དབུ་འཛུགས་ཀྱིས་ཁ་སང་བར་ཉིན་གྲངས་བཞིའི་རིང་ཡོ་རོབ་ Lithuania ལི་ཐུཝ་ནི་ཡ་རྒྱལ་ཁབ་ཀྱི་ རྒྱལ་ས་ Vilnius ནང་ World Liberty Congress ཞེས་འཛམ་གླིང་རང་དབང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་དེ་ཚོགས་ཡོད་པ་དང་འབྲེལ། ཚོགས་ཆེན་དེའི་ཐོག་བོད་མིའི་གཞོན་སྐྱེས་ཁག་ཅིག་མཉམ་ཞུགས་ཀྱིས་ཚོགས་བཅར་བ་དང་ལྷན་བོད་དོན་གླེང་སློང་ཙམ་མ་ཟད། ཨེ་ཤི་ཡ་ཞི་བདེ་རྒྱ་མཚོ་ཁུལ་གྱི་སྐུ་ཚབ་ཏུ་བདམས་ཐོན་བྱུང་འདུག

དེ་ཡང་ཐེངས་འདིའི་འཛམ་གླིང་རང་དབང་ལྷན་ཚོགས་ཀྱི་ཚོགས་ཆེན་དེའི་ཐོག་ལི་ཐུཝ་ནི་ཡའི་ཕྱི་སྲིད་བློན་ཆེན་ Gabrielius Landsbergis མཆོག་དང་། ཕྱི་ལོ་ ༢༠༢༢ ལོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཡུཀ་རེན་གྱི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ Olekssandra Matviichuk མཆོག་གིས་གཙོས་པའི་རྒྱལ་ཁབ་ཁག་ ༥༦ གི་མང་གཙོ་དོན་གཉེར་ཅན་དང་རང་དབང་ལས་འགུལ་བ་ ༢༠༠ ལྷག་ལྷན་འཛོམས་ཁྲོད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་འཆི་མེད་ལྷ་མོ་དང་སྟོབས་འབྱོར་ཚུལ་ཁྲིམས། དེ་བཞིན་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི་དབུ་མ་བློ་བཟང་བཅས་བོད་མིའི་གཞོན་སྐྱེས་གསུམ་མཉམ་ཞུགས་གནང་འདུག

ད་རེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༥༦ ནས་ལྷན་ཚོགས་དེའི་འགོ་ཁྲིད་དང་ས་གནས་ཀྱི་འཐུས་མི་གྲངས་ ༣༤ གསར་འདེམས་པའི་ཁྲོད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ Asia-Pacific Representative ཞེས་ཨེ་ཤི་ཡའི་ཞི་བདེ་རྒྱ་མཚོ་ཁུལ་གྱི་སྐུ་ཚབ་དང་། ཐེངས་འདིར་ཚོགས་ཆེན་ཐོག་ WLC Youth Liberty Alliance ཞེས་གཞོན་སྐྱེས་རང་དབང་མཐུན་ཚོགས་ཞེས་པ་གསར་འཛུགས་གནང་བའི་ནང་རྒྱལ་ཁབ་ ༢༨ ནས་འཐུས་མི་ ༣༧ བདམས་པའི་ཁྲོད། སྟོབས་འབྱོར་ཚུལ་ཁྲིམས་ལགས་ཨེ་ཤི་ཡའི་ཞི་བདེ་རྒྱ་མཚོ་ཁུལ་གྱི་ན་གཞོན་རང་དབང་མཐུན་འབྲེལ་གྱི་སྐུ་ཚབ་ཏུ་བདམས་ཐོན་བྱུང་འདུག

གཞན་ཡང་ལྷན་ཚོགས་དེའི་ངོས་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་དུ་ཆབ་སྲིད་བཙོན་པ་ས་ཡ་གཅིག་ལྷག་ལ་རྒྱབ་སྐྱོར་དང་ཁོང་རྣམ་པའི་ནང་མིར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཆབ་སྲིད་བཙོན་པའི་ལག་དེབ་ཅིག་ཀྱང་འགྲེམས་སྤེལ་གནང་འདུག་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ Olekssandra Matviichuk མཆོག་གིས་གསུང་བཤད་ཁྲོད། ང་རང་ཚོ་དང་ང་རང་ཚོའི་བུ་ཕྲུག་དེ་དག་གི་མ་འོངས་འབྱུང་འགྱུར་གྱི་དུས་ཚོད་ནི་ངེས་པ་མེད་ཀྱང་དེར་གདོང་ལེན་བྱ་རྒྱུའི་གོ་སྐབས་དེ་ད་ལྟ་ང་ཚོའི་ལག་ཏུ་ཡོད་པ་སོགས་གསུངས་འདུག

འདི་ག་རླུང་འཕྲིན་ཁང་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་སུ་ཐེངས་འདིའི་ཚོགས་ཆེན་དེ་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་ཁོང་གིས། ད་རེས་ཚོགས་ཆེན་དེའི་ཐོག་ཨེ་ཤི་ཡ་སྤྱི་དང་ཡང་སྒོས་བོད་མིའི་སྐུ་ཚབ་ཅིག་ཡིན་པའི་ཆ་ནས་རྒྱ་ནག་གིས་བྱེད་བབ་དང་སྲིད་བྱུས་ངན་པ་དེ་དག་གི་ཐོག་ལ་གོ་རྟོག་སྤེལ་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། ཚོགས་བཅར་བ་ཕལ་ཆེ་བ་མང་གཙོ་ཚད་ལྡན་མེད་པའི་རྒྱལ་ཁབ་ནས་ཕེབས་ཡོད་སྟབས། ཁོང་ཚོ་དང་མཉམ་ལས་བྱ་རྒྱུའི་སྡིངས་ཆ་གལ་ཆེན་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

གཞི་རྩའི་འཛམ་གླིང་རང་དབང་ལྷན་ཚོགས་་ནི་ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུའི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ Garry Kasparov ལགས་དང་། Venezuela ཝེ་ནི་ཛུ་ལ་རྒྱལ་ཁབ་ཀྱི་ཆབ་སྲིད་མི་སྣ་དང་མང་གཙོ་ལས་འགུལ་བ་ Leopoldo López ལགས། དེ་བཞིན་ཨི་རན་གྱི་རྩོམ་པ་པོ་དང་བུད་མེད་རང་དབང་འཐབ་རྩོད་པ་ Masih Alinejad ལགས་བཅས་ཀྱིས་རྒྱལ་སྤྱིའི་མང་གཙོ་དང་རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཆེ་ཁག་སོགས་དང་མཉམ་ལས་ཀྱིས་གོ་ལ་ཆིག་སྒྲིལ་དང་། ཁྲིམས་ཀྱི་དབང་སྒྱུར་ལྡན་པ། འགྲོ་བ་མིའི་ཐོབ་ཐང་། མང་གཙོ། བེུད་རང་དབང་དང་འགོ་ཁྲིད་སྐྱེས་སྲིང་། དེ་བཞིན་ལས་དོན་ཕྱི་གསལ་ནང་གསལ་དང་ཁྲིམས་འགལ་བཅས་ལ་འགན་འཁུར་ལྡན་པ་བཟོ་རྒྱུ་སོགས་ལ་དམིགས་ཏེ་གསར་འཛུགས་གནང་བའི་ཚོགས་པ་ཞིག་ཆགས་ཀྱི་འདུག