Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཚད་ལས་བརྒལ་བའི་གནོན་ཤུགས་འོག་བོད་མི་རྣམས་བཙན་གྱིས་གཞིས་སྤོས་བྱེད་བཞིན་པ་ར་སྤྲོད་གནང་འདུག

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་དང་། ཁོར་ཡུག་སྲུང་སྐྱོབ་བཅས་ལ་ཁ་གཡར་ནས། བོད་མི་ཞིང་འབྲོག་མང་ཚོགས་རྣམས་རང་ཉིད་ཀྱི་འདོད་མོས་བཞིན་ས་གནས་གཞན་དུ་གནས་སྤོ་བཅུག་བཞིན་ཡོད་སྐོར་བརྗོད་ཀྱི་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་མི་དེ་དག་ལ་རྣམ་པ་འདྲ་མིན་གྱི་གནོན་ཤུགས་བསྟུད་མར་སྤྲད་དེ་བཙན་གྱིས་གཞིས་སྤོས་བཅུག་གི་ཡོད་པ་མངོན་གསལ་གནང་འདུག

photo: human rights watch

དེ་ཡང་ཁ་སང་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དེ་འབྲེལ་ཤོག་གྲངས་ ༧༡ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་གྲོང་གསེབ་ཁག་ཏུ་གནས་སྡོད་བོད་མི་རྣམས་ལ་རང་ཉིད་ཀྱི་མི་ལོ་མང་པོའི་རིང་གནས་སྡོད་བྱེད་སའི་ས་ཆ་ནས་བཙན་གྱིས་ས་ཆ་གཞན་ཞིག་ཏུ་གནས་སྤོ་བཅུག་བཞིན་ཡོད་པ་མངོན་གསལ་དང་འབྲེལ། ཕྱི་ལོ་ ༢༠༠༠ ནས་ད་བར་ལས་གཞི་དེའི་འོག་བོད་མི་ཞིང་འབྲོག་མང་ཚོགས་ཁྱོན་ ༩༣༠༠༠༠ ལྷག་གཞིས་སྤོས་ཟིན་པ་དང་། དེའི་ཁོངས་ནས་བརྒྱ་ཆ་ ༧༦ སྟེ་བོད་མི་འབུམ་བདུན་ལྷག་ཙམ་ཕྱི་ལོ་ ༢༠༡༦ རྗེས་གཞིས་སྤོས་བྱས་པ་ཞིག་ཆགས་ཡོད་པ་མ་ཟད། འབུམ་གཅིག་དང་ཕྱེད་ཀ་ཙམ་གྲོང་གསེབ་ཡོང་རྫོགས་གཞིས་སྤོས་ཀྱི་ཆ་ཤས་འོག་བཙན་གྱིས་གནས་སྤོས་བྱས་པ་ཞིག་དང་། འབུམ་ལྔ་དང་ཕྱེད་ཀ་ལྷག་ཙམ་སྒེར་གྱི་ཁྱིམ་ཚང་གཞིས་སྤོས་ཀྱི་ཆ་ཤས་ཡིན་པ་རེད་འདུག

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བསམ་བློ་བཅོས་བསྒྱུར་གྱི་སློབ་གསོ་སྤྲད་དེ་བཙན་གྱིས་གནས་སྤོ་བཅུག་བཞིན་ཡོད་ཅེས་པའི་སྙན་ཐོ་དེའི་ནང་། རྒྱ་གཞུང་གིས་བོད་ནང་གྲོང་གསེབ་ཡོང་རྫོགས་བཙན་གྱིས་གཞིས་སྤོས་བྱས་པ་དེ། རྒྱལ་སྤྱིའི་ཁྲིམས་སྒྲིག་དང་ཡོངས་སུ་འགལ་གྱི་ཡོད་སྐོར་ཞིབ་ཕྲ་འགྲེལ་བརྗོད་བྱས་ཡོད་པ་དང་། རྒྱ་རིགས་དཔོན་རིགས་ཚོས་བོད་མི་ཚོར་གནས་སྤོ་བྱས་པ་དེས། རང་ཉིད་ཀྱི་འཚོ་བ་ཡར་རྒྱས་དང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་ཙམ་མ་ཟད། རང་འབྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་རམ་འདེགས་བྱེད་ཀྱི་ཡོད་པ་སོགས་བསླུ་བྲིད་བྱེད་བཞིན་ཡོད་ཅིང་། མ་འོངས་པར་རང་ཉིད་ཀྱི་ཁང་པར་ཕྱིར་ལོག་མི་ཐུབ་ཆེད་ལོ་གཅིག་ནང་ཚུན་དུ་ཁང་པ་གཏོར་བཤིག་དགོས་པའི་བཀའ་བཏང་གི་ཡོད་པ་སོགས་ཀྱི་གནས་སྟངས་མངོན་གསལ་གནང་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལས་ཚབ་ Maya Wang གིས། རྒྱ་ནག་གཞུང་གིས་བོད་མི་རྣམས་ནས་རང་འདོད་བཞིན་དུ་གནས་སྤོ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ལས་ཁང་གིས་དེ་ལས་ལྡོག་པའི་གནས་ཚུལ་སྤེལ་བ་ལུང་འདྲེན་དང་འབྲེལ། གལ་ཏེ་གྲོང་གསེབ་ཆ་ཚང་གནས་སྤོ་བྱེད་ཚེ་སྒེར་སོ་སོས་གཞུང་གི་བཀོད་ཁྱབ་ལ་ཁས་ལེན་མ་བྱེད་དཀའ་མེད་ཆགས་ཀྱི་ཡོད་པ་གསུངས་འདུག

photo: rfa

དེ་འབྲེལ་གཞིས་སྤོས་ཀྱི་ལས་གཞི་ཁྲོད་རྒྱ་ནག་གཞུང་གི་སྲིད་བྱུས་ནི། འབྲེལ་ཡོད་གང་ཟག་ནས་གནས་སྤོ་བྱ་རྒྱུར་མོས་མཐུན་བྱེད་དགོས་ཀྱི་ཡོད་ཀྱང་། ཞིབ་འཇུག་ཁྲོད། གནས་སྤོ་བྱ་འཆར་ཡོད་པའི་གྲོང་གསེབ་ཁག་ནང་བོད་མིའི་ཁྲོད་ཐོག་མའི་ཆར་འདོད་པ་མེད་མཁན་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། དེའང་ནག་ཆུར་གནས་སྡོད་བོད་མིའི་ཁྱིམ་ཚང་ ༢༦༢ ནས་ ༢༠༠ ཙམ་ཞིག་གིས་རྒྱང་ཐག་སྤྱི་ལེ་ ༡༠༠༠ སར་གནས་སྤོ་བྱ་འདོད་མེད་ཀྱང་། རྒྱ་གཞུང་གིས་གྲོང་གསེབ་དེའི་བོད་མི་རྣམས་ཀྱིས་རིམ་པས་གནས་སྤོ་བྱ་རྒྱུར་མོས་མཐུན་བྱས་ཡོད་ཚུལ་བརྗོད་ཡོད་པ་རེད་འདུག སྙན་ཐོ་ནང་གསལ་ལྟར་ན། རྒྱ་གཞུང་གི་དཔོན་རིགས་ཚོས་དེ་ལྟ་བུའི་བརྒྱུད་རིམ་ཁྲོད་བོད་མིའི་ཁྱིམ་ཚང་ནང་དུ་བཙན་གྱིས་འཛུལ་བ་དང་། སྐབས་རེ་དཔོན་རིགས་ཚོས་མོས་མཐུན་བྱེད་ཆེད་དུ་ཁྱིམ་ཚང་བྱེ་བྲག་ཅིག་གི་ནང་ཡང་སེ་ཕྱིན་པ་དང་། གལ་ཏེ་གནས་སྤོ་བྱ་རྒྱུར་མོས་མཐུན་མ་བྱས་ཚེ་ཁྱིམ་ཚང་གི་གཞི་རྩའི་ཐོབ་ཐང་འཕྲོག་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱེད་ཀྱི་ཡོད་ཅིང་། མོས་མཐུན་མ་བྱེད་མཁན་ཚོར་དཀྲོག་གཏམ་ཁྱབ་སྤེལ་སོགས་ཀྱི་ཉེས་མིང་འདྲ་མིན་བཀལ་ཏེ་མི་གཞན་ཚོར་གནོན་ཤུགས་མི་ཐུབ་པའི་ཐབས་ཤེས་གང་ཡོང་བྱེད་ཀྱི་ཡོད་པ་སོགས་འཁོད་འདུག མ་ཟད་བོད་ནང་གནས་སྡོད་རྒྱ་ནག་གཞུང་ཁོངས་ཀྱི་ཉམས་ཞིབ་པ་ཚོས་གནས་ཚུལ་བཀོད་པ་ལྟར་ན། གལ་ཏེ་བོད་མི་རྣམས་ཀྱིས་གནས་སྤོའི་ལས་གཞིའི་ནང་མཉམ་ཞུགས་བྱ་རྒྱུར་ངོས་ལེན་མ་བྱས་ཚེ། རྒྱ་རིགས་དཔོན་རིགས་ཚོས་ཡང་ནས་ཡང་དུ་ཁོང་ཚོར་སྐུལ་མ་བྱས་ཏེ། གནས་སྤོ་བྱས་པ་དེས་ལས་ཀའི་གོ་སྐབས་ཡག་པ་ཡོང་རྒྱུ་ཡིན་པ་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་གནས་སྤོ་བཅུག་ཟིན་པའི་བོད་མི་དེ་དག་ནི་ཞིང་ལས་དང་ཕྱུགས་ལས་ཀྱི་རྩལ་བེད་སྤྱོད་མི་ཐུབ་ས་དང་། ལས་ཀའི་གོ་སྐབས་ཞན་པའི་གྲོང་ཁྱེར་གྱི་མཐའ་འཁོར་ས་ཁུལ་ཁག་ཏུ་གནས་སྤོ་བཅུག་ཡོད་པའི་གནས་ཚུལ་བཀོད་བཞིན་ཡོད་འཁོད་འདུག

photo: startnews global

ལྷག་པར་སྙན་ཐོ་དེའི་བརྒྱུད། རྒྱ་གཞུང་གིས་བོད་ནང་གཏན་འཇགས་སློབ་གྲྭ་གསར་བཙུགས་སོགས་ཀྱི་ཁྲོད། བོད་མིའི་ཆོས་དང་རིག་གཞུང་རྩ་གཏོར་གྱིས་རྒྱ་རིགས་ཅན་དུ་བསྒྱུར་ཐབས་དང་། དེ་བཞིན་བོད་མི་རྣམས་བཙན་གྱིས་གནས་སྤོ་བཅུག་པ་དེ་དག་གིས། གནས་སྡོད་བོད་མི་རྣམས་ཀྱིས་རྒྱུན་དུ་གཉེར་བཞིན་པའི་ཞིང་ལས་དང་ཕྱུགས་ལས་ལ་དོ་ཕོགས་ཀྱིས། བོད་པའི་རིག་གཞུང་དང་མིའི་འཚོ་བར་གནོད་སྐྱོན་འཚབ་ཆེ་གཏོང་བཞིན་ཡོད་པ་སོགས་མངོན་གསལ་གནང་བ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱལ་སྤྱིའི་ཁྲིམས་ནང་གང་ཟག་ལ་གྲོས་བསྡུར་མ་བྱས་པ་དང་། དེ་བཞིན་དགོས་ངེས་གུན་བསབ་སོགས་མེད་པའི་ཐོག་ནས་ མི་སྒེར་དང་ནང་མི།་དེ་བཞིན་སྤྱི་ཚོགས་སོགས་རང་དབང་མེད་པར་བཙན་གྱིས་རང་ཉིད་ལ་དབང་བའི་ས་ཆ་ནས་ས་གནས་གཞན་དུ་གནས་སྤོ་བཅུག་པ་ནི་འགྲོ་མིའི་ཐོབ་ཐང་རྡོག་རོལ་ཁོངས་སུ་ཚུད་ཀྱི་ཡོད་ཅེས་ནན་བརྗོད་གནང་འདུག་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལས་ཚབ་ལྦང་གིས་། བོད་མི་བཙན་གྱིས་གནས་སྤོ་བཅུག་པ་དེས་བོད་མིའི་རིག་གཞུང་དང་མིའི་འཚོ་བའི་གནས་སྟངས་ཉམས་པའི་རྐྱེན་བྱེད་བཞིན་ཡོད་པས། ད་ཆ་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་ལ་རང་དབང་ལྡན་པའི་ཆེད་ལས་མཁས་པས། སྲིད་བྱུས་དེ་དག་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས་ཀྱི་སྒྲིག་གཞི་དང་མཐུན་མིན་གྱི་ཞིབ་འཇུག་གིས་ཐག་གཅོད་མ་བྱེད་གོང་དུ། བོད་ནང་ཞིང་འབྲོག་མང་ཚོགས་བཙན་གྱིས་གནས་སྤོ་བཅུག་པའི་ལས་གཞི་དེ་རིགས་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་འདུག

རྩ་བའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འདོན་སྤེལ་གནང་བའི་སྙན་ཐོ་དེ་ནི། ཕྱི་ལོ་ ༢༠༡༦ ནས་ ༢༠༢༣ བར་རྒྱ་ནག་གཞུང་གིས་བོད་ནང་གནས་སྤོའི་ལས་གཞི་དང་འབྲེལ། རྒྱ་གཞུང་གསར་ཁང་སོགས་ཀྱིས་སྤེལ་བའི་སྙན་ཐོ་སོགས་ཡིག་ཆ་ ༡༠༠༠ ལྷག་ལ་ཁུངས་གཏུགས་ཏེ་ཉམས་ཞིབ་གནང་བ་ཞིག་རེད་འདུག་པ་དང་། མ་ཟད་སྙན་ཐོ་དེའི་ནང་རྒྱ་རིགས་དཔོན་རིགས་ཚོས་གནས་སྡོད་བོད་མི་རྣམས་གནས་སྤོ་ཆེད། བསླུ་བྲིད་བྱེད་བཞིན་པའི་བྱ་སྤྱོད་མངོན་གསལ་ཐུབ་པའི་བརྙན་ཐུང་གཙོས་ཞིབ་འཇུག་གནས་ཚུལ་གསུམ་བཅས་འཁོད་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།