དེ་རིང་རྒྱ་ནག་གི་ཁྲིམས་ཁང་གིས་ཡུལ་དེའི་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ Xu Zhiyong ལགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Ding Jiaxi ལགས་གཉིས་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་འོག་ལོ་ ༡༤ དང་ ༡༢ བཅས་ཀྱི་ཁྲིམས་ཐག་བཅད་འདུག་པ་དང་། ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁྲིམས་ཆད་དེ་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པ་ཞིག་ལ་འགྲེལ་བརྗོད་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ལས་འགུལ་བ་གྲགས་ཅན་ཁག་ལ་གཞི་མེད་སྐྱོན་འཛུགས་ཀྱིས་དེ་ལྟ་བུའི་ཁྲིམས་ཐག་དུས་ཡུན་རིང་པོ་གཅོད་རྒྱུ་འཕྲལ་མར་མཚམས་འཇོག་དགོས་ཞེས་ནན་བརྗོད་གནང་ཡོད།

ཨ་རིར་རྟེན་གཞི་བྱས་པའི་ Human Rights Watch ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་རྒྱ་ནག་གིས་ shandong ཞིང་ཆེན་ Linshu རྫོང་གི་ཁྲིམས་ཁང་ཞིག་ནས་ཡུལ་དེའི་ནང་གི་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ Xu Zhiyong ལགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Ding Jiaxi ལགས་གཉིས་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་འོག་ལོ་ ༡༤ དང་༡༢ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པར་མ་ཟད། ཁོང་གཉིས་ཀྱི་ཁྲིམས་བཤེར་དེའང་གསང་བ་དང་ལོག་པར་སྤྱོད་པའི་ཐོག་ནས་བྱས་ཡོད་པ་ར་འཕྲོད་གནང་འདུག
འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་བགྲེས་པ་ Yaqiu Wang ལགས་ཀྱིས་ཁྲིམས་རྩོད་པ་ Xu Zhiyong ལགས་དང་ Ding Jiaxi གཉིས་ལ་ཡ་ང་སྙིང་རྗེ་མེད་པར་ཁྲིམས་ཐག་དེ་ལྟ་བུ་བཅས་པས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཞི་བའི་ལས་འགུལ་རིགས་ལ་བཟོད་བསྲན་རྩ་བ་ནས་མེད་པར་ཆེས་སྡང་ཟུག་བྱེད་ཀྱི་ཡོད་པའི་རྣམ་པ་མངོན་ཆགས་ཡོད་སྐོར་ཟུར་ཟ་དང་འབྲེལ་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་རྣམས་མཉམ་རུབ་ཀྱིས་རྒྱ་ནག་གཞུང་ལ་གོང་ཞུས་ཁྲིམས་རྩོད་པ་གཉིས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མར་གློད་བཀྲོལ་ཡོང་བར་འབོད་སྐུལ་གནང་དགོས་ཞེས་དང་། རྒྱ་གཞུང་གིས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་རྩོད་ལེན་པ་གྲགས་ཅན་རྣམས་ཀྱི་ཐོག་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བཞིན་པར་དོན་དམ་གྱི་ཞིབ་གཤེར་གནང་དགོས་པ་དང་ཆབས་ཅིག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱ་ནག་ནང་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་གནང་བའི་རྐྱེན་གྱིས་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པ་རྣམས་ལ་རྒྱབ་སྐྱོར་གནང་དགོས་པའི་ཞུ་སྐུལ་གནང་འདུག
ལྷག་པར་དུ་སྐུ་ཞབས་ Xu Zhiyong ལྟ་བུར་མཚོན་ན་རྒྱ་ནག་ནང་མང་གཙོ་བཅོས་བསྒྱུར་དང་། སྨྲ་བརྗོད་རང་དབང། དེ་བཞིན་ཁྲིམས་ཀྱི་དབང་བསྒྱུར་གོང་འཕེལ་ཐད་ཕྱག་ལས་རླབས་ཆེན་མང་དག་ཅིག་གནང་མྱོང་ཡོད་པར་མ་ཟད། བོད་ལ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱིས་ཤོག་གྲངས་ ༢༢ ཅན་གྱི་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་མྱོང་ཡོད་པ་རེད། འབྲེལ་ཡོད་པར་སྤྱི་ཚོགས་དྲ་རྒྱ་ལས་བཏུས།