རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་ ༥ པའི་ནང་རང་ལོ་ ༣༢ སོན་པའི་ཡུ་གུར་གྱི་གློག་བརྙན་བཟོ་སྐྲུན་པ་ Ikram Nurmehmet ལགས་དྲག་སྤྱོད་པ་དང་ཁ་བྲལ་རིང་ལུགས་པར་ཉེས་འདོགས་ཏེ་འཛིན་བཟུང་བཙན་བཀག་འོག་ཉེས་པ་མེད་བཞིན་དུ་ཉེས་པ་ཁས་ལེན་བྱེད་དུ་བཅུག་འདུག
Ikram ལགས་ནི་ཤར་ཏུར་ཀིས་ཏན་ནང་སྐྱེས་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། རིམ་པས་ཁོང་ Turkey ཊར་ཀི་རྒྱལ་ཁབ་ཀྱི་ Marmara མར་མ་ར་གཙུག་ལག་སློབ་གཉེར་ཁང་དུ་ལོ་དྲུག་རིང་གློག་བརྙན་བཟོ་བསྐྲུན་གྱི་ཆེད་ལས་སློབ་གཉེར་གནང་རྗེས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གནས་སྡོད་གནང་གི་ཡོད་ཅིང་། ཁོང་འཛིན་བཟུང་རྗེས་ཡུ་གུར་རྒྱལ་ས་ Ürümqi ཨུ་རུམ་ཆིའི་བཙོན་ཁང་དུ་བཙན་སྤོ་བྱེད་ཡོད་པ་རེད། ཁོང་གིས་བཟོ་བསྐྲུན་གནང་བའི་ Elephant in the Car ལ་སོགས་པའི་གློག་བརྙན་ཁག་ཅིག་རྒྱལ་སྤྱི་དང་རྒྱ་ནག་གི་གློག་བརྙན་དུས་སྟོན་བཅས་ཀྱི་ནང་བདམས་ཐོན་བྱུང་ཡོད་པ་མ་ཟད། ཁོང་གི་གློག་བརྙན་ནང་ཡུ་གུར་མི་མང་གི་དངོས་བྱུང་འཚོ་བའི་སྐོར་གསལ་བཏོན་གནང་གི་ཡོད་པ་རེད།
ཁ་སང་ The Guardian གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཡུ་གུར་གློག་བརྙན་བཟོ་སྐྲུན་པ་ Ikram ལགས་ཀྱི་ཉེ་འབྲེལ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ཟླ་ ༡༠ ཚེས་ ༢༧ ཉིན་སྐུ་ཞབས་ Ikram ལགས་ Ürümqi ཨུ་རུམ་ཆི་མི་མང་ཁྲིམས་ཁང་དུ་གྱོད་ཞིབ་ཆེད་བཅར་སྐབས། ཁྲིམས་ཁང་ནས་ཁོང་ལ་དྲག་སྤྱོད་བའི་ལས་དོན་གཉེར་ཡོད་ལུགས་དང་། ལྷག་པར་དུ་ཤར་ཏུར་ཀིས་ཏན་གྱི་ཁ་བྲལ་རིང་ལུགས་ཚོགས་པའི་ནང་མཉམ་ཞུགས་བྱས་ཡོད་ལུགས་སོགས་ཀྱི་ཉེས་འཛུགས་བྱས་ཡོད་པ་འཁོད་འདུག
རྩ་བའི་རྒྱ་གཞུང་གིས་ཊར་ཀི་རྒྱལ་ཁབ་ནང་བསྐྱོད་མཁན་རྣམས་ལ་དོགས་ཟོན་དང་དེ་འབྲེལ་འཛིན་བཟུང་བྱེད་པའང་མང་པོ་ཡོད་པར་བརྟེན། Ikram ལགས་ཀྱི་རྒྱབ་སྐྱོར་བ་ཚོས་ཁོང་དེ་སྔོན་ཡུལ་དེར་གློག་བརྙན་བཟོ་བསྐྲུན་ཐད་ཆེད་ལས་གཉེར་ཡོད་སྟབས། རྒྱ་གཞུང་གིས་ཁོང་ལ་རྒྱ་ནག་ཐོག་རྟོག་ཞིབ་བྱས་ཡོད་ལུགས་ཀྱི་ཉེས་མིང་འདོགས་ཏེ་འཛིན་བཟུང་བྱས་པ་རེད་ཅེས་བརྗོད་ཀྱི་ཡོད་དང་ཆབས་ཅིག གྱོད་ཞིབ་སྐབས་སྐུ་ཞབས་ཁོང་གིས། དེ་སྔོན་འཛིན་བཟུང་རྗེས་ཉིན་གྲངས་ ༢༠ རིང་མུན་ནག་ཅན་གྱི་ཁང་སྟོང་ཞིག་ཏུ་བཙན་བཀག་གིས་མནར་གཅོད་མྱངས་ཡོད་པ་དང་། ལྷག་པར་དུ་དུས་སྐབས་དེར་ཁོང་ལ་བཙན་གྱིས་ཉེས་པ་ཁས་ལེན་བྱེད་དུ་བཅུག་བ་སོགས་འགྲེལ་བརྗོད་དང་འབྲེལ། ཁོང་དྲག་སྤྱོད་རིང་ལུགས་པའི་སྡེ་ཁག་ནང་མཉམ་ཞུགས་བྱེད་མྱོང་མེད་པ་མ་ཟད། Turkey ཊར་ཀིར་བཞུགས་སྐབས་ཆབ་སྲིད་ཀྱི་ལས་དོན་ནང་དུའང་ཞུགས་མྱོང་མེད་ཅེས་གསལ་བཤད་གནང་འདུག
སྐུ་ཞབས་ཁོང་ལ་རྒྱ་གཞུང་གིས་བཀོད་སྒྲིག་བྱས་པའི་ཁྲིམས་རྩོད་པ་ཞིག་བཞག་ཡོད་པ་ལས་རང་གི་འདོད་མོས་ལྟར་ཁྲིམས་མཐུན་གྱི་ཁྲིམས་རྩོད་པ་ཞིག་གདམ་རྒྱུའི་རང་དབང་མེད་པའི་ཁར་ཁྲིམས་རྩོད་པས་ཁོང་གི་ནང་མིར་ཁོང་ལ་ལོ་བརྒྱད་ལྷག་བཙོན་འཇུག་བྱེད་སྲིད་པ་མ་ཟད། དེ་འབྲེལ་དཔྱད་ཁྲ་དུས་ཚོད་ཉེས་མེད་ཐོག་གཏང་སྲིད་པ་རེད་ཅེས་ཉེན་བརྡའང་བཏང་འདུག
གནད་དོན་དེ་དང་འབྲེལ་ཨེ་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ Maya Wang ལགས་ཀྱིས་རྒྱ་གཞུང་གིས་རྩ་ཁྲིམས་གཞིར་བཟུང་ལག་བསྟར་བྱེད་ཀྱི་མེད་པར་སྐྱོན་བརྗོད་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཉམས་ཞིབ་པ་དང་ཞུ་གཏུག་འགྲེལ་མཐུད་པ་ William Nee ལགས་ཀྱིས། རྒྱ་གཞུང་གི་ལངས་ཕྱོགས་དང་མི་མཐུན་པར་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བའི་གློག་བརྙན་བཟོ་བསྐྲུན་ལ་ཉེས་འདོགས་དང་། ཕྱི་ཕྱོགས་ཀྱི་ཡུ་གུར་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་བ་ཐུག་འཕྲད་ཆ་ཚང་འཇིགས་སྐུལ་དང་དྲག་སྤྱོད་རིང་ལུགས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁྲིམས་རྩོད་པ་གདམ་རྒྱུའི་རང་དབང་མེད་པའི་གནད་དོན་ཐོག་སྐྱོན་བརྗོད་ནན་པོ་གནང་འདུག
གཞི་རྩའི་ཕྱི་ལོ་ ༢༠༡༤ ལོར་རྒྱ་གཞུང་གིས་ཡུ་གུར་ནང་གྱེན་ལོག་གི་ལས་འགུལ་འགོག་ཆེད་གཞི་རྒྱ་ཆེ་བའི་ལས་འགུལ་འགོ་བརྩམས་ཡོད་པ་དང་། དེའི་ཁྲོད་ཡུ་གུར་མི་མང་ས་ཡ་ཕྱེད་ཀ་ལྷག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་མ་ཟད། ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་གནས་ཚུལ་མཁོ་སྒྲུབ་གནང་བའི་ནང་ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་ཡུ་གུར་ཤེས་ཡོན་ཅན་མིང་གྲངས་ ༣༠༠ ལྷག་དང་། རིག་གཞུང་ཐོག་ཕྱག་ལས་གནང་མཁན་མི་སྣ་དྲག་གྲས་རྣམས་འཛིན་བཟུང་གིས་ཁྲིམས་མཐུན་མེད་པར་དོ་དམ་འོག་གནས་ཡོད་པ་གསལ་བཏོན་གནང་ཡོད།