Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ངལ་བ་ཇེ་སྡུག་ཏུ་གཏོང་བཞིན་པ་དེར་མཚམས་འཇོག་དགོས་པའི་དགོངས་འཆར་ཁག་ལ་ངོས་ལེན་བྱས་མེད་པ་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བསྐྱར་ཞིབ་སྙན་ཐོ་ལ་སྣང་ཆུང་བྱས་པ་མཚོན་གྱི་ཡོད་པར་སྐྱོན་བརྗོད་གནང་འདུག

UN review

དེ་ཡང་ཁ་ཉིན་ཕྱི་ཚེས་ ༢༥ ཉིན་རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་ ༡༤ ཡིས་མཉམ་འབྲེལ་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཉེ་ཆར་རྒྱལ་ཚོགས་ཀྱིས་འདི་ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་དུས་བཀག་བསྐྱར་ཞིབ་ཀྱི་སྙན་ཐོ་གསར་ཤོས་དེའི་ནང་བཀོད་པའི་དགོངས་འཆར་ཁག་ལ་རྒྱ་གཞུང་གི་ངོས་ལེན་བྱས་མིན་གྱི་གསལ་བསྒྲགས་ཤིག་ཡོངས་ཁྱབ་གནང་ཡོད་པ་དེ་ལུང་འདྲེན་དང་སྦྲགས། རྒྱ་གཞུང་ནས་རྒྱལ་ཚོགས་ཀྱིས་བཏོན་པའི་དགོངས་འཆར་ཁག་ལ་བརྩི་འཇོག་མ་བྱས་པར་ད་དུང་དེར་དག་ཐེར་གྱིས་ཚུལ་དུ་རྒྱལ་ཚོགས་ཀྱི་དགོངས་འཆར་གྲངས་ ༤༢༨ ཀྱི་ནང་ནས་ ༢༩༠ ར་ངོས་ལེན་བྱེད་རྒྱུ་དང་ ༩༨ ལ་ངོས་ལེན་མི་བྱེད་རྒྱུ་ཡིན་ལུགས་བཤད་འདུག་པ་མ་ཟད། དགོངས་འཆར་ ༢༩༠ དེ་དག་གི་ནང་ནས་ཁག་ཅིག་ལག་བསྟར་བྱེད་བཞིན་ཡོད་པ་དང་ཁག་ཅིག་ལག་བསྟར་བྱས་ཟིན་ཡོད་ཚུལ་བརྗོད་པ་གསལ་འདུག

UN review

ལྷག་དོན་རྒྱ་ནག་གཞུང་ནས་འགྲོ་བ་མིར་མི་ཆོས་ལས་བརྒལ་བའི་ནག་ཉེས་དང་བཙན་ཤེད་ཀྱིས་མི་མངོན་པར་བཟོ་རྒྱུ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། གསར་འགོད་པ་ཚོར་སྡུག་སྦྱོང་མནར་གཅོད་གཏོང་བ། དེ་བཞིན་ཡིག་ཆའི་ནང་གསལ་གྱི་ཁྲིམས་འགལ་ཚབས་ཆེན་གཞན་བཅས་ཀྱི་སྐོར་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཚོས་སེམས་འཚབ་ཀྱིས་ངོས་ལེན་གནང་བའི་དགོངས་འཆར་གཅིག་ཀྱང་གླེང་མེད་པ་མ་ཟད།  རྒྱ་གཞུང་གིས་ཕྱི་ལོ ༢༠༠༩ དང་། ༢༠༡༣།  ༢༠༡༨ བཅས་ཀྱི་རྒྱལ་སྤྱིའི་སྤྱི་ཡོངས་དུས་བཀག་བསྐྱར་ཞིབ་ཀྱི་སྙན་ཐོ་སྔོན་མ་གསུམ་གྱི་སྐབས་དང་དེ་བཞིན་ཉེ་བའི་དུས་བཀག་བསྐྱར་ཞིབ་ཀྱི་སྔོན་འགྲོའི་གྲ་སྒྲིག་གི་བརྒྱུད་རིམ་ནང་གནས་ཚུལ་རྫུན་མ་ཤ་སྟག་སྤྲད་ཡོད་པ་དང་ཆབས་ཅིག རྒྱ་ནག་ནང་གི་སྤྱི་མང་ཚོགས་སྡེ་གང་གིས་ཀྱང་རྒྱལ་ཁབ་ཀྱི་སྙན་ཐོ་དེ་གྲ་སྒྲིག་བྱེད་པར་མཉམ་ཞུགས་བྱེད་མི་ཆོག་པ་བཟོས་ཡོད་པ་མངོན་གསལ་གནང་འདུག

Cao Shunli

ད་རེས་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱས་པའི་གྲངས་ཚད་ནི་བརྒྱ་ཆ ༣༠ ཡིན་པ་དང་། དེ་ནི་ཕྱི་ལོ ༢༠༡༨ གྱི་གྲངས་ཚད་ལས་ཧ་ཅང་མཐོ་པོ་ཡིན་པ་དང་། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་དང་འབྲེལ་བའི་མི་སྒེར་ལ་དྲག་གནོན་མཚམས་འཇོག་དགོས་པའི་སྲིད་གཞུང་གིས་དགོངས་འཆར་བཏོན་ཡོད་ཚད་ལ་ངོས་ལེན་བྱས་མེད་པ་མ་ཟད། དེ་ནི་སྙིང་སྟོབས་ཅན་གྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ Cao Shunli ཀྲའོ་ཤུན་ལི་བཙོན་ཁང་དུ་འདས་གྲོངས་སུ་གྱུར་པའི་ལོ་འཁོར་རྗེས་དྲན་ལ་མཐོང་ཆུང་བྱེད་པའི་བརྡ་ལན་ཞིག་དང་སྐུ་ཞབས་ཁོང་ནི་དེ་སྔ་ཕྱི་ལོ་ ༢༠༡༤ ལོའི་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཆེད་འཇི་ནི་ཝ་ལ་བསྐྱོད་སྐབས་འཛིན་བཟུང་བྱས་ཡོད་པ་འགྲེལ་བརྗོད་གནང་འདུག

ད་ཆ་སུད་སི་ཇི་ནི་ཝ་གྲོང་ཁྱེར་ནང་ཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༦ པའི་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་སྐོར་བདག་སྐྱོང་གནང་པ་དེ་ནི་གོ་ལའི་ཁ་ཕྱོགས་བསྒྱུར་བའི་མཚམས་གལ་ཆེན་ཞིག་ཡིན་ནའང་རྒྱ་ནག་གཞུང་གིས་རྒྱལ་ཚོགས་སུ་འཛམ་གླིང་ཁྱོན་ཡོངས་ཀྱི་དུས་བཀག་བསྐྱར་ཞིབ་ཚོགས་ཆེན་ཐད་ཀྱི་བསམ་བློ་འཁྱེར་སོ་དེ་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་རྒྱལ་ཁབ་ཁག་དང་། བྱེད་པོ་གཞན་ཚོས་རྒྱ་གཞུང་ལ་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དགོངས་འཆར་གནང་ཁག་ལ་ལག་བསྟར་བྱེད་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་ནན་བརྗོད་གནང་འདུག

UN review

ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་པེ་ཅིང་ལ་འཇིགས་སྐུལ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དེ་མནར་གཅོད་འགོག་སྲུང་གི་ཆིངས་ཡིག་དང་ཕྲུ་གུའི་ཐོབ་ཐང་གི་ཆིངས་ཡིག་བཅས་ཀྱི་འོག་ཏུ་བསྐྱར་ཞིབ་བྱ་རྒྱུའི་ཚོགས་ཁག་གཞན་ཁག་ལ་དོ་ནན་ཆེན་པོས་མཉམ་འབྲེལ་བྱེད་དགོས་པ་གསུངས་འདུག

ད་རེས་ཀྱི་བསྒྲགས་གཏམ་དེ་སྤེལ་མཁན་ཁོངས་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་དང་རྒྱལ་སྤྱིའི་ཡུ་གུར་ཚོགས་པ། CHRD འམ་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Hong Kong Watch ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་ཁྱོན་བཅུ་བཞི་ཡོད་པ་རེད་འདུག

Kai Muller

དེའི་ཁྲོད་ཟླ་བ་འདིའི་ཕྱི་ཚེས་ ༡༨ ནས་ཇི་ནི་ཝ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༦ པ་ཚོགས་བཞིན་ཡོད་པའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ Kai Muller ལགས་ཀྱིས་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ Helsinki Foundation མཚན་ཐོག་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་བཏང་བ་དང་བོད་མི་ཚོར་སྨྲ་བརྗོད་དང་བསམ་བརྗོད་རང་དབང་སོགས་སྤྲད་ཀྱི་མེད་པ་མ་ཟད། རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་བརྒྱུད་བོད་མིའི་ངོ་བོ་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་བཟོ་རྒྱུའི་ལས་གཞི་མང་དག་ཅིག་སྤེལ་བཞིན་པར་སེམས་འཚབ་ཡོད་ཅེས་སྙན་སེང་ཞུས་འདུག

དེ་བཞིན་ཟླ་བ་འདིའི་ཚེས་ ༢༢ ཉིན་ལྷན་ཚོགས་ཐོག་ International Service for Human Rights  ཚོགས་པའི་མཚན་ཐོག་ནས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཁམས་སྡེ་དགེའི་བོད་མི་ཞི་རྒོལ་བའི་སྟེང་ཆེས་དྲག་གནོན་གྱིས་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད་ཁུལ་དེར་ཆུ་མཛོད་གསར་རྒྱག་གིས་ས་གནས་བོད་མི་རྣམས་རང་གི་ཕ་མེས་ཀྱི་ས་ཆ་ནས་བཙན་ཤེད་ཀྱིས་གནས་སྤོ་དང་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོས་རིག་དང་འབྲེལ་བའི་དགོན་སྡེ་ཁག་མང་པོ་གཏོར་བཤིག་གཏོང་བཞིན་པ་བཅས་ལ་འཕྲལ་དུ་བཀག་སྡོམ་གནང་དགོས་པའི་འབོད་སྐུལ་ཞུས་འདུག

Volker Turk

མ་ཟད་ཁོང་ནས་ཉེ་ཆར་ལས་རིམ་ཞིག་གི་ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ Volker Turk མཆོག་དང་མཇལ་མོལ་གྱིས་རྒྱ་གཞུང་ནས་བཙན་བྱོལ་བོད་མི་ཚོར་བཙན་གནོན་བྱེད་བཞིན་པའི་སྐོར་དང་། སྒོས་སུ་བོད་ནང་གི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་སྐོར་འགྲེལ་བརྗོད་གནང་འདུག་པ་དང་སྐབས་དེར་གཙོ་འཛིན་མཆོག་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་གནད་དོན་ཐོག་དོ་སྣང་ཆེན་པོ་གནང་ཡོད་ཅེས་གསུངས་སོང་།

རྩ་བའི་སུད་སི་ Geneva གྲོང་ཁྱེར་དུ་ཟླ་བ་འདིའི་ཕྱི་ཚེས་ ༡༨ ནས་ཟླ་ ༧ ཚེས་ ༡༢ བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༦ འཚོགས་བཞིན་པ་དང་བསྟུན། རྒྱལ་ཚོགས་སུ་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ Helsinki Foundation for Human Rights ཡིས་གོ་སྒྲིག་འོག བོད་ཁམས་སྡེ་དགེ་ནང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞིར་བོད་མིས་ངོ་རྒོལ་གནང་བའི་གནད་དོན་ཐོག་ཟུར་ཚོགས་ཞིག་ཀྱང་ཚོགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།