Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་ཁྱད་གསོད་བྱས་ཚེ་མཇུག་འབྲས་དྲག་པོ་ཡོང་ངེས་པའི་སློབ་གསོ་སྤྲད་དགོས།

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ Tim Loughton ཊིམ་ལོགྷ་ཊོན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ལྷག་པར་ཧོང་ཀོང་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་། དམངས་གཙོའི་ལས་འགུལ་བར་དྲག་གནོན་བྱེད་བཞིན་པ་ཁག་ཅིག་ཐེར་འདོན་དང་སྦྲགས། དབྱིན་ཡུལ་གཞུང་ནས་རྒྱལ་སྤྱིའི་དམངས་གཙོའི་རྒྱལ་ཁབ་ཁག་དང་བཟུང་སྦྲེལ་ཐོག་རྒྱ་གཞུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་ཁྱད་གསོད་ཀྱིས་རྩིས་མེད་བྱས་ཚེ་མཇུག་འབྲས་དྲག་པོ་ཡོང་ངེས་ཡིན་པའི་སློབ་གསོ་སྤྲད་དགོས་ཞེས་གསུངས་འདུག

དེ་ཡང་ Tim ལགས་ཀྱིས་ཕྱི་ཚེས་ ༢ ཉིན་ཡུལ་དེའི་ The Parliament Politics ཞེས་ཆབ་སྲིད་དཔྱད་བརྗོད་འདོན་སྤེལ་གནང་སའི་དྲ་གནས་ཐོག་ཉེ་ཆར་རྒྱལ་ཚོགས་སུ་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ལས་རིམ་སྐབས་དབྱིན་ཡུལ་གྲོས་ཚོགས་ནང་རྒྱ་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་ཅིག་ཐེར་འདོན་ཞུས་སྐོར་དཔྱད་གཏམ་ཞིག་འདོན་སྤེལ་གནང་འདུག

དཔྱད་གཏམ་དེའི་ནང་རྒྱ་གཞུང་གིས་གནོན་ཤུགས་རྐྱེན་པས་ཧོང་ཀོང་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། ད་ལྟའི་ཆར་ཧོང་ཀོང་སྲིད་གཞུང་གིས་མང་གཙོ་དོན་གཉེར་བ་ Jimmy Lai ཇི་མི་ལཱའི་ལགས་སུ་ཁྲིམས་བཤེར་བྱེད་བཞིན་པ་དེ་ནི་ཧོང་ཀོང་ནང་གི་ཆབ་སྲིད་དང་དམངས་གཙོའི་གནས་བབ་ལ་དོ་ཕོག་ཆེན་པོ་ཞིག་ཆགས་ཡོད་པ་གསུངས་འདུག

མ་ཟད་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་དེ་ལག་བསྟར་བྱས་ཏེ་ད་ཆ་ལོ་ངོ་བཞི་ཙམ་འགྲོ་བཞིན་ཡོད་པ་དང་། ཁྲིམས་སྒྲིག་དེ་ནི་མི་མང་རྣམས་ལ་ནག་ཉེས་སྣ་ཚོགས་གཡོག་སྟེ། དྲག་གནོན་བྱེད་ཆེད་རྒྱ་གཞུང་གི་བྱེད་སྟངས་དང་མཐུན་པ་ཞིག་ཡིན་པ་ལས། དེ་སྔ་ཕྱི་ལོ་ ༡༩༩༧ ལོར་དབྱིན་ཡུལ་དང་རྒྱ་ནག་དབར་ཧོང་ཀོང་རང་སྐྱོང་གི་གནས་བབ་ཐོག་བཞག་པའི་གྲོས་མཐུན་དང་མཐུན་པའི་ཁྲིམས་སྒྲིག་ཞིག་རྩ་བ་ནས་ཆགས་མེད་ཅེས་གསུངས་པ་མ་ཟད། ཁྲིམས་སྒྲིག་དེ་ལག་བསྟར་བྱེད་འགོ་བཙུགས་པ་ན་བཟུང་། འདས་ལོའི་ཕྱི་ཟླ་ ༡༢ བར་ཧོང་ཀོང་སྲིད་གཞུང་གིས་ཡུལ་དེའི་མི་སེར་ ༢༨༥ འཛིན་བཟུང་བཙན་ཁྲིད་བྱས་ཏེ་མི་སེར་ ༡༧༢ ལ་རྒྱལ་ཁབ་བདེ་འཇགས་ཀྱི་མིང་བྱང་འོག་ཁྲིམས་གཏུག་བྱས་ཡོད་པ་རེད་ཅེས་གསུངས་འདུག

ལྷག་པར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་དེའི་བརྒྱུད་ད་བར་ཧོང་ཀོང་ནང་ཡོད་པའི་འགྲོ་བ་མིའི་ལྟ་ཞིབ་ཚོགས་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ ༡༠༠ ལྷག་སྒོ་རྒྱབ་ཡོད་ཅིང་། རྒྱ་ནག་དང་ཧོང་ཀོང་སྲིད་གཞུང་གི་ལྟ་སྤྱོད་མི་མཐུན་པའི་ཆབ་སྲིད་ཚོགས་པ་རྣམས་ཀྱང་རྩ་མེད་བཟོ་བཞིན་པ་སོགས་སྤྱི་ཡོངས་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལས་འགལ་ཏེ། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་ཡོད་པ་རེད་ཅེས་འགྲེལ་བརྗོད་དང་སྦྲགས། དབྱིན་ཡུལ་གཞུང་དང་ཆབ་སྲིད་མི་སྣ་རྣམས་ནས་རྒྱལ་སྤྱིའི་དམངས་གཙོའི་རྒྱལ་ཁབ་ཁག་དང་བཟུང་འབྲེལ་ཐོག་རྒྱ་གཞུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་ཁྱད་གསོད་ཀྱིས་རྩིས་མེད་བྱས་ཚེ་མཇུག་འབྲས་དྲག་པོ་ཡོང་ངེས་ཡིན་པའི་སློབ་གསོ་ཞིག་ངེས་པར་དུ་སྤྲད་དགོས་ཀྱི་རེད་ཅེས་གསུངས་འདུག

གཞན་ཡང་ཁོང་གི་དཔྱད་གཏམ་དེའི་ཐོག་ཧོང་ཀོང་སྲིད་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་ལས་དོན་མང་དག་ཅིག་རྒྱ་གཞུང་གི་བྱེད་བབ་དང་གཅིག་མཚུངས་ཡིན་པའི་མཚུངས་བསྡུར་གནང་ཡོད་པ་མ་ཟད། ཧོང་ཀོང་ནང་གི་ཆབ་སྲིད་རང་དབང་གི་གནས་སྟངས་དང་འབྲེལ་ཕྱི་ལོ་ ༢༠༢༠ ནས་ ༢༠༢༤ བར་ཆབ་སྲིད་བཙོན་པ་གྲངས་ ༠ ནས་ ༡༧༧༥ བར་འཕར་ཡོད་ཅིང་། དེ་ནི་འཛམ་གླིང་ཐོག་ཆབ་སྲིད་བཙོན་པའི་གྲངས་འབོར་མང་ཤོས་འཕར་བའི་གྲངས་ཐོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཧོང་ཀོང་དེ་ནི་ད་ཆ་ Cuba ཀྱུ་བཱ་དང་ Belarus བེ་ལཱ་རུས་ལྟ་བུའི་སེམས་འཚབ་བྱ་ཡུལ་གྱི་གནས་སྟངས་ཤིག་ཏཡ་གྱུར་ཡོད་ཅེས་གསུངས་འདུག

གཞི་རྩའི་ Tim Loughton ཊིམ་ལོགྷ་ཊོན་ལགས་ནི་དུས་རྒྱུན་ཧོང་ཀོང་གི་གནད་དོན་ཙམ་མ་ཟད། བོད་དང་ཡུ་གུར་གྱི་གནད་དོན་སོགས་ཡུལ་དེའི་གྲོས་ཚོགས་དང་རྒྱལ་སྤྱིའི་གླེང་ཐོག་འཛེམས་ཟོན་མེད་པར་སྐྱོན་བརྗོད་གནང་མཁན་ཞིག་ཡིན་ཞིང་། ད་རེས་དཔྱད་གཏམ་དེའི་ནང་དེ་སྔ་གྲོས་ཚོགས་སུ་བོད་དང་ཡུ་གུར་གྱི་གནད་དོན་སྐོར་གླེང་སློང་གནང་བའི་ཚན་པ་ཞིག་ཀྱང་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།