བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་དགུང་གྲངས་ ༧༣ ལ་ཕེབས་པའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས་ཏེ་སྐུའི་འཕྲོད་བཞེས་ལ་འཚེ་བའི་འགེག་བར་གང་ཡང་མི་ཡོང་བ་དང་ལྷག་པར་རྒྱ་གར་མི་མང་གི་མངོན་འདོད་བསྒྲུབ་ཐུབ་པར་ཐུགས་སྨོན་མཛད་འདུག

ཁ་སང་ཕྱི་ཟླ་ ༩ ཕྱི་ཚེས་ ༡༧ ཉིན་སྲིད་བློན་མོ་དཱི་མཆོག་གི་འཁྲུངས་སྐར་ཉིན་མོ་དང་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འཕྲིན་ཞིག་སྩལ་བར་མགོན་པོ་༸གང་ཉིད་མཆོག་གིས་གོ་སྐབས་འདིའི་བརྒྱུད་ནས་ཉེ་ཆར་རྒྱ་གར་གྱིས་མགྲོན་བདག་གནང་སྟེ་རྒྱལ་ས་ལྡིལིར་ཚོགས་པའི་འདི་ལོའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དེ་ཉིད་ལམ་ལྷོང་བྱུང་བར་འཚམས་འདྲི་དང་ལྷན་ཚོགས་ཀྱི་བརྗོད་གཞི་ Vasudhaiv Kutambakam ཞེས་འཛམ་གླིང་གཅིག ཁྱིམ་གཞི་གཅིག མདུན་ལམ་གཅིག་ཅེས་པའི་བརྗོད་གཞི་དེ་ནི་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་དང་འབྲེལ་བ་ཤུགས་ཆེ་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་དུས་རྟག་ཏུ་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་དང་འགྲོ་བ་གཞན་ལ་དེའི་གལ་འགངས་ལ་མངོན་བསྟོད་གནང་ཐབས་སུ་སེམས་འགུལ་གོང་སྤེལ་གང་ཐུབ་མཛད་བཞིན་ཡོད་པར་བཀའ་སྩལ་འདུག

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་རྒྱ་གར་ནང་སྐུ་མགྲོན་ཡུན་རིང་ཤོས་༸སྐུ་བཞུགས་མཛད་མཁན་ཞིག་ཡིན་པའི་ཆ་ནས་རྒྱ་གར་རྒྱལ་ཁབ་ཆེན་པོ་དེ་ཉིད་འཕེལ་རྒྱས་སུ་འགྲོ་བཞིན་པའི་གནས་སྟངས་དང་ཆེ་མཐོང་བཅས་པ་རྒྱལ་སྤྱིའི་ཐོག་གཟེངས་སུ་འཐོན་བཞིན་པ་དངོས་སུ་གཟིགས་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་དང་། ཁྱད་པར་དུ་རྒྱ་གར་ནང་ཚོགས་པའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དེས་གོ་ལ་ཧྲིལ་པོར་འགྲོ་བ་རྣམས་ཕན་ཚུན་དབར་རྟེན་འབྲེལ་གྱི་ཚུལ་དུ་གནས་ཡོད་པ་ཆེས་མངོན་པར་གསལ་སྟོན་གྱི་གོ་སྐབས་ཤིག་ཀྱང་ཆགས་ཡོད་ཅེས་བཀའ་སྩལ་ཡོད།

གཞན་ཡང་༸གོང་ས་མཆོག་གིས་རྒྱ་གར་གྱི་འཚེ་བ་མེད་བ་དང་བྱམས་བརྩེའི་ལྟ་གྲུབ་དེ་དག་ལོ་ངོ་ཆིག་སྟོང་གི་དེ་ལྟ་བུ་བྱུང་བ་ལྡན་ཞིང་། འཛམ་གླིང་ཐོག་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་གོ་ལ་ཧྲིལ་པོར་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་ཡོད་མཁན་གྱི་མིག་དཔེ་བསྟན་ཐུབ་པར་མ་ཟད། ད་ལྟའི་ཆར་རྒྱ་གར་གྱི་ཚན་རིག་དང་འཕྲུལ་རིགས་ཀྱི་སྟོབས་ཤུགས་ཆེས་ཆེར་རྒྱས་ནས་དེ་དག་ཐོག་སྣེ་ཁྲིད་གནང་མཁན་ཞིག་ཀྱང་གྱུར་ཡོད་པར་བསྔགས་བརྗོད་མཛད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་བོད་མི་ཡོངས་ཀྱི་སྐུ་ཚབ་མཛད་དེ་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་རྣམས་ཐུགས་བརྩེ་དང་གཏོང་ཕོད་ཆེན་པོས་ཟས་གོས་གནས་མལ་སོགས་ལ་མཐུན་འགྱུར་གང་ལེགས་གནང་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག་པ་དང་ཆབས་ཅིག འཚམས་འཕྲིན་མཇུག་ཏུ་སྲིད་བློན་སྐུ་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་རྒྱ་གར་མི་མང་གི་མངོན་འདོད་བསྒྲུབ་ཐུབ་ཅིང་། ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག