Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་དབུས་གཞུང་གིས་སྔོན་རྩིས་ནང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ཁག་གཅིག་གི་སྔོན་རྩིས་མ་དངུལ་ཉུང་དུ་བཏང་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

རྒྱ་གར་དབུས་གཞུང་གི་འཆར་ལོའི་སྔོན་རྩིས་ནང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ཁག་གཅིག་གིས་སྔོན་རྩིས་འཆར་དངུལ་ཉུང་དུ་བཏང་འདུག

Economic Times གསར་ཤོག་ཐོག་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་བརྒྱུད་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལྟེ་གནས་ཁང་སྟེ། ལྡི་ལི་བོད་ཁང་དང་། རྟ་དབང་དགོན་པ། ལྒང་ཏོག་ནང་དུ་རྟེན་གཞི་བྱས་པའི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་། རྡ་སའི་བོད་དཔེ་མཛོད་ཁང་། དེ་བཞིན་ལྡི་ལི་ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་དང་། འབུམ་དི་ལར་རྟེན་གཞི་བྱས་པའི་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་བཅས་ལ་སྔ་ལོར་ཧིན་སྒོར་བྱེ་བ་ ༥༠་༡༩ འགྲོ་གྲོན་གནང་ཡོད་ཀྱང་། ཉེ་ལམ་རྒྱ་གར་གྱི་གྲོས་ཚོགས་སུ་འགོད་འབུལ་ཞུས་པའི་ཕྱི་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་ནང་ཧིན་སྒོར་བྱེ་བ་ ༢༠་༡༩ གནང་རྒྱུ་ཡིན་པ་གསལ་འདུག་པ་དང་། འདི་ནི་སྔར་ལོའི་སྔོན་རྩིས་མ་དངུལ་དང་བསྡུར་ན་བྱེ་བ་ ༣༠ ཉུང་དུ་བཏང་ཡོད་པ་རེད།

གསར་ཤོག་ནང་གསལ་ལྟར་ན། རྩ་བའི་རྒྱ་གར་དབུས་གཞུང་གིས་དེ་སྔ་བོད་ཀྱི་རིག་གཞུང་དང་ནང་བསྟན་ཆོས་བརྒྱུད་སྲུང་སྐྱོབ་ཀྱི་ལྟེ་གནས་ཁང་ལ་ཧིན་སྒོར་བྱེ་བ་ ༧༠ ལྷག་ཙམ་གནང་ཡོད་ཀྱང་། ཕྱི་ལོ་ ༢༠༢༣ ལོའི་སྔོན་རྩིས་ནང་ཧིན་སྒོར་བྱེ་བ་ ༢༡ ལྷག་ཙམ་ཉུང་དུ་བཏང་ཡོད་པ་མ་ཟད། ཐེངས་འདིར་ཡ་བྱེ་བ་ ༣༠ ཙམ་ཉུང་དུ་བཏང་འདུག་པ་མ་ཟད། ལྷག་དོན་གསར་ཤོག་དེར་ད་རེས་ཀྱི་སྔོན་རྩིས་འཆར་འབུལ་དེ་བཞིན་འབྲེལ་ཡོད་ཚོགས་སྡེ་ཁག་གིས་རྒྱབ་གཉེར་ཞུས་པ་གཞིར་བཟུང་འཆར་འབུལ་གནང་བ་ཞིག་ཡིན་བཀོད་འདུག

འདི་ག་རླུང་འཕྲིན་ཁང་གི་གནད་དོན་དེ་དང་འབྲེལ་ནས་བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་སུ་བཀའ་འདྲི་ཞུ་སྐབས་བོད་ཀྱི་དཔེ་མཛོན་ཁང་ནས་འདི་ལོའི་སྔོན་རྩིས་ནང་མ་དངུལ་འབུམ་ ༢༨༠ ཙམ་འཆར་འབུལ་ཞུས་ཡོད་པ་འགྲེལ་བརྗོད་དང་སྦྲགས། ད་རེས་ཀྱི་གནད་དོན་དེ་དང་འབྲེལ་ནས་རྒྱ་གར་དབུས་གཞུང་གིས་གཞུང་འབྲེལ་ཡིག་ཐོག་འབྱོར་གསལ་མ་བྱུང་ཞེས་གསུངས་བྱུང་།

གནད་དོན་དེ་དང་འབྲེལ་ནས་རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Sujit Kumar སུ་ཇིཏ་ཀུ་མཱར་ལགས་ཀྱིས་ Economic Times གསར་ཤོག་ཐོག་བོད་ཀྱི་རིག་གཞུང་སྲུང་སྐྱོབ་གནང་སའི་ལྟེ་གནས་ཁང་དེ་དག་ལ་སྔོན་རྩིས་ཀྱི་དངུལ་འབོར་ཉུང་དུ་གཏོང་བ་ནི་སེམས་ཁྲལ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་པ་དང་འབྲེལ། ལྷག་པར་ལྟེ་གནས་འདི་དག་གིས་རྒྱ་ནག་གི་བཙན་འཛུལ་འོག་ཡོད་པའི་བོད་ཀྱི་རིག་གཞུང་དེ་དག་སྲུང་སྐྱོབ་དང་ཉར་ཚགས་གནང་བའི་ལས་དོན་སྒྲུབ་ཀྱི་ཡོད་སྟབས། རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེ་རུ་གནང་དགོས་ཀྱི་ཡོད་ཅེས་གསུངས་འདུག 

རྩ་བའི་རྒྱ་གར་གྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བ་དང་བསྟུན། ད་རེས་གྲོས་ཚོགས་སུ་འགོད་འབུལ་ཞུས་པའི་ཕྱི་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་འདི་ལོ་འཁོར་མོ་གཅིག་གི་སྔོན་རྩིས་མ་ཡིན་པར་བར་བརྒལ་གྱི་སྔོན་རྩིས་ཤིག་ཆགས་ཀྱི་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།