Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གཙོས་ཨེ་ཤེ་ཡའི་ཁྱོན་ཡོངས་སུ་སྒེར་གཅོད་རིང་ལུགས་ཀྱི་རྣམ་པ་གསལ་པོར་མངོན་བཞིན་པའི་ཉེན་བརྡ།

Tibetan News Headlines

  • བོད་དང་ཧི་མཱ་ལ་ཡ། བོད་དང་འབྲས་ལྗོངས་དབར་གྱི་ཆོས་ཡོན་དང་ཆབ་སྲིད་ཀྱི་འབྲེལ་བ།

Sunday 14/04/2024

  • Tibet and the Himalayas: Unraveling Sikkim and Tibet’s Religious-Political Bonds

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འཛམ་གླིང་ནང་གི་རྒྱལ་ཁབ་ ༡༠༠ ལྷག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་ཀྱིས་ World Report 2024 ཞེས་པའི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། དེའི་ནང་འདས་མ་ཐག་པའི་ ༢༠༢༣ ལོར་རྒྱལ་ཁབ་དེ་དག་སྤྱི་དང་། ལྷག་པར་རྒྱ་ནག་གཙོས་པའི་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་གི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཇེ་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཨེ་ཤེ་ཡའི་ཁྱོན་ཡོངས་སུ་སྒེར་གཅོད་རིང་ལུགས་ཀྱི་རྣམ་པ་གསལ་པོར་མངོན་གྱི་ཡོད་པར་ཉེན་བརྡ་བཏང་འདུག

ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་དུ་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བོད་བཙན་དབང་གིས་རྒྱ་བསྒྱུར་བྱེད་བཞིན་པ་དང་། གནས་ཚུལ་འཁོར་རྒྱུགས་ལ་ཕྱོགས་ཡོངས་ནས་དམ་དྲག་བརྒྱུད་ཁུལ་དེའི་ནང་གི་གནས་སྟངས་རྟོགས་དཀའ་བར་འགྱུར་ཡོད་པ་མ་ཟད། ཤིན་ཅང་ནང་གི་ཡུ་གུར་མི་རིགས་ལ་མུ་མཐུད་དྲག་གནོན། དེ་བཞིན་ཧོང་ཀོང་མང་ཚོགས་ཀྱི་གཞི་རྩའི་རང་དབང་རྩ་བ་ནས་རྡོག་རོལ་བཅས་རྒྱ་ནག་རྒྱལ་ཡོངས་སུ་མང་ཚོགས་ཀྱི་སྤྱི་དམངས་ཐོབ་ཐང་སྔར་ལྷག་དམ་དྲག་ཇེ་ཤུགས་ཆེ་རུ་བཏང་ཡོད་པ་གསུངས་འདུག

ལྷག་པར་སྙན་ཐོའི་ནང་གསལ་བོད་དང་འབྲེལ་བའི་སྡེ་ཚན་ནང་། རྒྱ་ནག་གཞུང་གིས་འདས་ལོར་བོད་ནང་ཆོས་ལུགས་རང་དབང་དང་། སྨྲ་བརྗོད་རང་དབང་། ལས་འགུལ་དང་འདུ་འཛོམས་ཀྱི་རང་དབང་བཅས་ལ་དམ་དྲག་ཤུགས་ཆེར་བྱས་པའི་ཐོག བོད་མི་སུ་འདྲ་ཞིག་གིས་འབྲོག་པ་གཞི་སྤོས་དང་། ཁོར་ཡུག་ཉམས་ཆགས། གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བཞིན་པའི་སྲིད་བྱུས་བཅས་ཀྱི་སྐོར་སྐད་ཆ་བཤད་ཚེ་དམ་བསྒྲགས་དེ་བས་ཤུགས་ཆེར་བྱེད་ཀྱི་ཡོད་པ་མངོན་གསལ་གནང་ཡོད་ཅིང་།  བོད་མི་ནང་ཁུལ་གྱི་གནས་ཚུལ་ས་གནས་སྲིད་གཞུང་ལ་བརྒྱུད་སྐུལ་བྱེད་མཁན་ཚོར་དངུལ་སྤྲད་པ་དང་། བཙན་བྱོལ་བོད་མི་དང་འབྲེལ་བ་བྱ་རྒྱུར་དམ་བསྒྲགས་པ་སོགས་ཐེར་འདོན་གནང་འདུག ད་དུང་ཕྱི་ལོ་ ༢༠༢༣ ཟླ་ ༦ ནང་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་སྡེ་ཁག་གཅིག་གིས་རྒྱ་གཞུང་ལ་བོད་མི་དྲུག་གི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ཚགས་རྐྱེན་འཛིན་བཟུང་བྱས་པའི་གནད་དོན་ཐོག་ཞིབ་ཁྲའི་གནས་ཚུལ་ར་སྤྲོད་ཡོང་བའི་འབོད་སྐུལ་ཞུས་ཀྱང་རྒྱ་ནག་གཞུང་གིས་ད་བར་ལན་འདེབས་གང་ཡང་བྱུང་མེད་པ་སོགས་ཐེར་འདོན་གནང་འདུག

མ་ཟད་སྙན་ཐོའི་ནང་རྒྱ་གཞུང་གིས་རྒྱལ་མཚམས་ལས་འདས་ཏེ་ཕྱི་ཕྱོགས་སུ་གནས་སྡོད་བྱེད་མཁན་རྣམས་ལ་གནོན་ཤུགས་ཆེ་ཆེར་སྤྲོད་བཞིན་ཡོད་པར་ཕྱི་ཕྱོགས་ནས་སྐྱོན་བརྗོད་མང་པོ་ཡོད་པའི་ཁྲོད། ཨ་རིའི་ཁྲིམས་ཞིབ་ཁང་གིས་འདས་ལོའི་ ༢༠༢༣ ལོའི་ནང་རྒྱ་དམར་གྱི་ཉེན་རྟོག་དཔོན་རིགས་ ༤༠ ཙམ་ལ་ཨ་རི་ནང་དུ་གནས་སྡོད་བྱེད་མཁན་རྒྱ་རིགས་རྣམས་ལ་བསུན་གཙེར་བཟོ་བའི་སྐྱོན་འཛུགས་ནན་པོ་གནང་ཡོད་པ་དང་། ལྷག་པར་དུ་ ༢༠༢༣ ལོའི་ནང་རྒྱ་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ Laos ལའོས་ལ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཁག་ཅིག་རྒྱ་ནག་ལ་ཕྱིར་ལོག་བཏང་དགོས་པའི་ནན་སྐུལ་བྱེད་ཡོད་པ་མ་ཟད། ཧོང་ཀོང་ནས་བྲོས་བྱོལ་དུ་ཕྱིན་པའི་མང་གཙོ་དོན་གཉེར་ཅན་གྱི་ལས་འགུལ་བ་ ༨ དང་། གྲོས་ཚོགས་འཐུས་མི་ཟུར་པ་ཞིག་ལ་འཛིན་བཟུང་བྱ་དགོས་པའི་བཀོད་ཁྱབ་ཡང་བཏང་ཡོད་པ་སོགས་ཐེར་འདོན་གནང་འདུག

ལྷག་པར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངོས་ནས་ནུབ་ཕྱོགས་དང་ཨེ་ཤི་ཡའི་མང་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་ལྷན་དུ་འགྲན་རྩོད་ཀྱི་མིང་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་ལ་གཞི་བཅོལ་ཏེ་ཕན་ཚུན་བར་གྱི་ཕུགས་རྒྱང་རིང་པོའི་འབྲེལ་ལམ་བསྐྲུན་པ་ལས་མིག་རྒྱང་ཐུང་ངུས་ཚོང་འབྲེལ་དང་བདེ་འཇགས་ལ་གཙིགས་ཆེར་འཛིན་གྱི་ཡོད་པར་བརྟེན། དེའི་གནོན་ཤུགས་ཕྱོགས་གང་སར་ཇེ་ཁྱབ་འགྲོ་བཞིན་ཡོད་པར་ནན་བརྗོད་གནང་འདུག

ཕྱོགས་མཚུངས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལས་ཚབ་ལྕམ་ Maya Wang ལགས་ཀྱིས་རྒྱ་ནག་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་སླད་གོམ་པ་དང་པོ་དེ་རྒྱལ་སྤྱིའི་གཞུང་ཁག་ནས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཡོངས་གྲགས་ཐོག་སྐྱོན་བརྗོན་ནན་པོ་གནང་རྒྱུ་དེ་རེད་ཅེས་སོགས་གསུངས་འདུག

རྩ་བའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ World Report 2024 ཞེས་པའི་སྙན་ཐོ་དེ་ནི་འཛམ་གླིང་གི་འགོ་ཁྲིད་རྣམས་ཀྱིས་ཅི་ཕྱིར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་གལ་དང་། འགོ་ཁྲིད་རྣམ་པས་རྒྱལ་ཁབ་ཀྱི་ཐག་གཅོད་ཆེན་པོ་བྱེད་ཀྱི་ཡོད་སྟབས། མི་འགའ་ཤས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཙམ་མིན་པར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་ཡོངས་ཐོག་ལས་དོན་གནང་དགོས་པ། དེ་བཞིན་འགོ་ཁྲིད་མང་པོས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་ཡོད་པ་དེ་ལྟར་ཡང་། ཡར་རྒྱས་ཡང་ཕྱིན་ཡོད་པར་བརྟེན། དེའི་བརྒྱུད་ནས་མི་ཚང་མར་ཅི་ཞིག་འབྱུང་སྲིད་པ་དང་ཅི་ཞིག་འབྱུང་དགོས་པ་སྟོན་གྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།