ཕྱི་ཟླ་ ༡༢ ཚེས་ ༡༤ ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཉིས་ཙམ་གྱི་རིང་བོད་མི་མང་སྤྱི་འཐུས་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་དགུན་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག་སོགས་གནང་བ་མ་ཟད་ཞུ་གཏུག་གི་ལས་ཉིན་མཐའ་མའི་མཚམས་ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་འཚམས་འདྲིའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་ཡོད།སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཆེད་བཅར་ཐོག་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས Shri Sujeet Kumar ལགས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་སྤྱི་མོས་ཐོག་ནས་བསྐོ་གཞག་གནང་ཡོད།
ལས་དོན་དེ་དག་ལེགས་གྲུབ་ཟིན་ཏེ་ད་ཆ་བདུན་ཕྲག་གཅིག་ཙམ་འགྲོ་བཞིན་པའི་མཚམས་འདིར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་ Zhou Yongsheng ཟེར་བས་སྐུ་ཞབས་སི་ཇིཏ་ཀུ་མཱར་ ལགས་གཙོས་གསོལ་སྟོན་ཐོག་ཕེབས་པའི་གྲོས་ཚོགས་འཐུས་མི་གཞན་རྣམས་ལ་ཕྱག་བྲིས་ཤིག་ཕུལ་བ་བརྒྱུད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམ་པས་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་སྐོར་ལ་གྲོས་བསྡུར་གནང་བ་དང་ཆབས་ཅིག ལྷག་དོན་རྒྱ་གར་གཞུང་གི་ངོས་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་གནང་བཞིན་ཡོད་ཀྱང་། གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་སྐུ་ཚབ་དང་མཇལ་འཕྲད་ཞུས་བའི་ཁ་བྲལ་གྱི་བྱ་སྤྱོད་ལ་མཐའ་ཅིག་ཏུ་དགག་པ་ཡོད་ཅེས་གསུངས་འདུག སྐབས་དེར་བཅར་བའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་གནས་བབ་སྐོར་ཤེས་པའི་ཐོག་ནས་མ་འོངས་པར་བོད་མིའི་སྐུ་ཚབ་དང་ཐུག་འཕྲད་བྱ་རྒྱུ་དང་བོད་རང་བཙན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་དག་མཚམས་འཇོག་བྱས་ཏེ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏང་རྒྱུར་མདུན་སྐྱོད་བྱེད་དགོས་པ་སོགས་གསུངས་ཡོད།
སྤྱི་མོས་ཐོག་ནས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་གཞག་བྱུང་བ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས Shri Sujeet Kumar ལགས་ཀྱིས་འཛམ་གླིང་ཐོག་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཀྱི་གྲོས་ཚོགས་འཐུས་མི་ཚོར་ཐད་ཀར་ཡིག་འབྲེལ་ཐོག་ནས་ལན་འདེབས་བྱེད་མཁན་རྒྱ་ནག་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་ཡིན་ཟེར་བ་དེ་སུ་རེད་དམ་ཞེས་དྲིས་པ་དང་སྦྲགས། གལ་སྲིད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཚོས་གནང་བའི་ལས་དོན་ལ་འདོད་པ་མ་ཁེངས་ཚེ་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་ནས་གནད་དོན་སྙན་སེང་ཞུ་དགོས་ཀྱི་རེད་ཅེས་གསུངས་པ་དང་ཆབས་ཅིག གནད་དོན་འདིའི་ཐོག་རྒྱ་གར་ཕྱི་སྲིད་ཁུངས་ནས་ཀྱང་ཐག་གཅོད་ནན་པོ་ཞིག་གནང་དགོས་པར་གསུངས་འདུག
སྐུ་ཞབས་ Sujeet Kumar ལགས་སྐུ་སྒེར་གྱི་ངོས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་གནང་གི་མེད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཀྱང་ཁ་བྲལ་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་བ་ཞིག་མིན་པར་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་རྒྱུ་དང་། རྒྱ་གར་གྱི་ཡུལ་མི་དང་བོད་མིས་གཙོས་པའི་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་བ་རྒྱུན་འཛིན་ཐུབ་རྒྱུ་སོགས་ལ་ཕྱག་ལས་གནང་བཞིན་ཡོད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་ཚབ་ཁང་ནས་སྒེར་ལ་ཡི་གེ་ལྔ་ཙམ་འབྱོར་བྱུང་བ་དེ་དག་ལ་ལན་འདེབས་འོས་ཤིང་འཚམས་པ་བརྒྱབ་ཡོད་ཅེས་གསུངས་ཡོད།
རླུང་འཕྲིན་ཁང་ནས་གནད་དོན་འདི་དང་འབྲེལ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཞལ་པར་བརྒྱུད་བཀའ་འདྲི་ཁག་ཅིག་ཞུས་པར་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་གནང་སྟངས་དེ་ནི་ཧམ་ཕོད་ཅན་ཞིག་ཡིན་པ་མ་ཟད་ལྷག་པར་དུ་མང་གཙོའི་ལུང་པའི་གྲོས་ཚོགས་འཐུས་མིའི་ལས་དོན་ལ་གཞུང་ཚབ་ཁང་ཞིག་གིས་ཚོད་འཛིན་བྱས་པ་དེ་ནི་གྲོས་ཚོགས་འཐུས་མི་སྐུ་སྒེར་གྱི་རང་དབང་ལ་དོ་ཕོག་དང་རྒྱ་གར་ནང་ཁུལ་གྱི་གནད་དོན་ལ་ཐེ་བྱུས་ཆེན་པོ་བྱས་པ་ཞིག་ཡིན་པར་གསུངས་ཡོད།
རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་དཔྱད་ཞིབ་པ་ཁག་ཅིག་ནས་ད་རེས་རྒྱ་ནག་གཞུང་ཚབ་ཁང་གིས་ཐད་ཀར་རྒྱ་གར་གྱི་གྲོས་ཚོགས་འཐུས་མིའི་ལས་དོན་སྐོར་མི་འདོད་པའི་ཡི་གེ་བཏང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་མ་ཟད་རྒྱ་ནག་གཞུང་ཚབ་ཁང་གི་བྱེད་སྟངས་དེ་ནི་ཕྱི་འབྲེལ་སྐུ་ཚབ་མི་སྣ་ཞིག་གི་ངོས་ནས་གནང་སྟངས་དང་མི་མཐུན་པ་ཞིག་རེད་སོགས་གསུང་མཁན་འདུག་ལ། སྐབས་དེའི་གསོལ་སྟོན་ཐོག་ཕེབས་ཏེ་བོད་མི་མང་སྤྱི་འཐུས་ཚོ་དང་ཐུག་འཕྲད་གནང་མཁན་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Rajeev Chandrasekhar ལགས་ནས་ཁོང་རང་ཉིད་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཞིག་ཡིན་པའི་ཆ་ནས་མཛད་རིམ་དེར་མཉམ་ཞུགས་གནང་བ་ཡིན་ཞེས་གསུངས་འདུག
གྲོས་ཚོགས་འཐུས་འཐུས་མི་སྐུ་ཞབས་ Jairam Ramesh ལགས་ཀྱིས་དུས་རྒྱུན་མཛད་རིམ་གང་འདྲ་ཞིག་ཡིན་ཡང་མཉམ་ཞུགས་དེ་ཙམ་གནང་གི་མེད་སྐོར་གསུངས་པ་དང་འབྲེལ་ཏེ་ཁོང་ཉིད་སྟོན་པའི་མཛད་འཕྲིན་ལ་ཡི་རངས་དང་༸གོང་ས་མཆོག་ལ་དད་གུས། དེ་བཞིན་ད་བར་༸གོང་ས་མཆོག་དབུས་པའི་བོད་མི་ཚོས་རྒྱ་གར་དུ་ནང་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་ལ་ཞབས་འདེགས་ཆེན་པོ་བསྒྲུབས་དང་སྒྲུབ་བཞིན་པ་ཁག་ལ་ཆེ་བསྟོད་དང་གུས་ཞབས་མཚོན་ཕྱིར་གསོལ་སྟོན་གྱི་མཛད་རིམ་ཐོག་ཕེབས་པ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་མ་ཟད། སྤྱིར་རྒྱ་གར་གཞུང་གི་བཞེངས་ཕྱོགས་དེ་བོད་རང་སྐྱོང་ལྗོངས་ཟེར་བ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་ངོས་འཛིན་གནང་བཞིན་ཡོད་ཀྱང་། རྒྱ་གར་གཞུང་ནས་རྒྱུན་དུ་བོད་མིའི་འགོ་ཁྲིད་ཚོ་ལ་རྒྱབ་སྐྱོར་དང་ལྷག་པར་དུ་བོད་དང་རྒྱ་ནག་གཉིས་ཀྱི་གནད་དོན་འདི་ཕྱོགས་གཉིས་ཀའི་འདོད་མོས་ཐོག་ནས་སེལ་ཐུབ་རྒྱུར་རེ་བ་གནང་གི་ཡོད་པ་སོགས་གསུངས་ཡོད་པ་རེད།
གཞི་རྩའི་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་རྒྱ་གར་དབུས་གཞུང་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་སླད་རྒྱ་གར་གྱི་གནད་ཡོད་འགོ་ཁྲིད་རྣམས་ནས་བོད་དོན་དང་འབྲེལ་བའི་མཛད་སྒོ་དང་ལས་འགུལ་སོགས་ལ་མཉམ་ཞུགས་གནང་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། འདས་པའི་ལོ་ཤས་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་ཕྱིན་ཡོད་མེད་ལ་མ་ལྟོས་པར་ཕྱོགས་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་ཇེ་ཆེར་སོང་བར་བརྟེན་མཐའ་སྲུང་དམག་མི་ཕན་ཚུན་དབར་གདོང་ཐུག་གིས་དམག་མིའི་ཚེ་སྲོག་ཤོར་བའི་གནས་སྟངས་སོགས་བྱུང་ཡོད།
རྒྱ་ནག་གཞུང་ཚབ་ཁང་གི་བྱེད་སྟངས་དེ་ནི་གྲོས་ཚོགས་འཐུས་མི་སྐུ་སྒེར་གྱི་རང་དབང་ལ་དོ་ཕོག་དང་རྒྱ་གར་ནང་ཁུལ་གྱི་གནད་དོན་ལ་ཐེ་བྱུས་ཆེན་པོ་ཞིག་རེད།
Tibetan News Headlines
- ༸གོང་ས་མཆོག་གིས་བོད་དང་ཁ་ཆེ་དབར་དམིགས་བསལ་འབྲེལ་བ་ཡོད་པར་བཀའ་སྩལ་བ།
- གྲོས་ཚོགས་ཀྱི་ལས་ཉིན་ལྔ་པ་ཆ་ཚང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོར་བཏང་ཡོད།
- སུད་སིར་བོད་མི་གཙོས་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་གྲོས་ཆོད་གཏན་འབེབས།
- རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ དབུ་འཛུགས།
- སྦེལ་འཇམ་གཞུང་གིས་ནང་ཆོས་དེ་ཉིད་གཞུང་འབྲེལ་ཆོས་བརྒྱུད་གྲས་སུ་ངོས་འཛིན།
- བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་སཱི་ཤེས་ཡོན་ཟབ་ཁྲིད།
Monday 20/03/2023
- Dalai Lama meets with Muslim scholars, speaks on common values between Islam and Buddhism
- 11th Public Accounts Committee presents report to Parliament
- Swiss National Council approves motion seeking relief for asylum seekers
- Tibetan Opera ‘Shoton’ festival begins in Mundgod Tibetan settlement
- Belgium officially recognises Buddhism as a non-denominational religion
- SEE Learning conducts workshop for North America’s weekend Tibetan language and culture teachers
(Visited 10 times, 2 visits today)
(Visited 1,019 times, 1 visits today)