Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་ཁྲིམས་ལུགས་ལ་སྐྱོན་བརྗོད་བྱས་པར་བསྙད་དེ་དགེ་འདུན་པ་ཞིག་འཛིན་བཟུང་བྱས་འདུག

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

ཉེ་ཆར་བོད་ནང་གི་གནས་ཚུལ་ཁག་གཅིག་ཕྱི་གྱར་བྱུང་བའི་ནང་དུ་མགོ་ལོག་གཅིག་སྒྲིལ་རྫོང་གི་བོད་པའི་དགེ་འདུན་པ་ཞིག་ལ་ Wechat སྤྱི་ཚོགས་དྲ་ལམ་ཐོག་རྒྱ་ནག་གི་ཁྲིམས་ལུགས་ལ་སྐྱོན་བརྗོད་བྱས་པར་བསྙད་དེ་འཛིན་བཟུང་བྱས་འདུག་པ་དང་། དེ་བཞིན་བོད་མི་ཆབ་སྲིད་བཙོན་པ་རྩོམ་པ་པོ་ཐུབ་བསྟན་བློ་གྲོས་ལགས་བཙོན་ཁང་ནང་དུ་བཙན་དབང་གིས་ངལ་རྩོལ་རྐྱེན་པས་ལུས་པོ་ནད་སྐྱོན་དུ་གྱུར་འདུག

Thupten Lodoe
Screeནshot: Tibet Watch, Thupten Lodoe

དེ་ཡང་ཉེ་ཆར་ Tibet Watch འམ་བོད་གནས་ལྟ་ཞིབ་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༦།༢༧ ཞིག་ལ་མགོ་ལོག་གཅིག་སྒྲིལ་རྫོང་ནང་དུ་བོད་པའི་དགེ་འདུན་པ་ཞིག་ལ་ Wechat སྤྱི་ཚོགས་དྲ་ལམ་ཐོག་རྫོང་རིམ་པའི་ཁྲིམས་ལུགས་ཞིག་ལ་སྐྱོན་བརྗོད་བྱས་ཡོད་ལུགས་བརྗོད་དེ། རྒྱལ་ཁབ་ཁ་བྲལ་བཏང་ཐབས་བྱ་བའི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་བྱས་པའི་རྗེས་སུ་ད་ལྟ་ཁོང་བཙོན་ཁང་གང་གི་ནང་དུ་ཡོད་མེད་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པའི་ཁར། ཁོང་གི་ནང་མི་ལ་ཡང་ཁོང་དང་ཐུག་འཕྲད་བྱས་བཅུག་མེད་པ་རེད་འདུག ཁོང་གིས་སྤྱི་ཚོགས་དྲ་ལམ་ཐོག་རྫོང་རིམ་པའི་ཁྲིམས་ལུགས་ལ་སྐྱོན་བརྗོད་བྱས་པ་མ་གཏོགས་ཁྲིམས་ལུགས་གང་གི་སྐོར་ལ་ཁོང་གི་སྐྱོན་བརྗོད་བྱས་ཡོད་པ་ད་ལྟའང་གསལ་ཁ་མིན་འདུག་ལ། དགེ་འདུན་པ་ཁོང་གི་བདེ་འཇགས་དང་འབྲེལ་ནས་ད་ལྟའི་ཆར་ཁོང་འཛིན་བཟུང་བྱས་པ་མ་གཏོགས་ཁོང་གི་མཚན་ཇི་ཡིན་སོགས་ཕྱི་གསལ་གནང་མིན་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། དགེ་འདུན་པ་ཁོང་འཛིན་བཟུང་བྱས་པའི་རྗེས་སུ་མགོ་ལོག་གཅིག་སྒྲིལ་རྫོང་སྤྱི་ཁྱབ་དང་ས་གནས་ཐབས་ཕྱོགས་གཅིག་འགྱུར་ལས་ཁུངས་ཀྱི་འགོ་གཙོ་རྣམས་དགེ་འདུན་པ་ཁོང་གི་དགོན་པར་སླེབས་ཏེ་དགོན་པའི་ནང་དུ་ཁོང་དང་ལྷན་དུ་སློབ་སྦྱོང་གནང་མཁན་གྲྭ་གྲོགས་ ༡༠༠ ཙམ་ལ་ཉིན་གྲངས་ ༡༠ རིང་ཆབ་སྲིད་སློབ་གསོ་སྤྲད་པ་མ་ཟད། དགོན་པའི་འཛིན་སྐྱོང་གི་ངོས་ནས་དགེ་འདུན་པ་དེ་དག་ནས་སྤྱི་ཚོགས་དྲ་ལམ་ཐོག་ཡིག་ངག་གང་སྤྱི་ཐད་ནས་གནས་ཚུལ་སྤེལ་བ་དང་། མཆན་བཀོད་པ། དེ་བཞིན་གཞན་གྱི་འཕྲིན་ཡིག་ལ་དགའ་རྟགས་སྤྲད་པ། གནས་ཚུལ་བརྒྱུད་སྤེལ་སོགས་གང་ཡང་བྱེད་མི་ཆོག་པ་དང་། དེ་ལྟར་བྱ་བ་ཡིན་ན་རྒྱལ་ཁབ་གཅིག་སྒྲིལ་དང་དམར་ཤོག་ཚོགས་པ་དང་རྒྱབ་འགལ་ཕྱིན་པའི་ནག་ཉེས་ཕོག་རྒྱུ་ཡིན་པ་དང་། དགེ་འདུན་པ་དེ་དག་གི་ནང་མི་ཉེ་འབྲེལ་རྣམས་ལ་བཀག་སྡོམ་དེའི་སྐོར་ཕན་ཚུན་བརྡ་ལན་སྤྲད་དགོས་པ་བརྗོད་པ་མ་ཟད། ས་གནས་ལས་བྱེད་པ་རྣམས་ནས་ཁྱིམ་རེ་རེ་ལ་ཕྱིན་ནས་ཚང་མར་དྲི་རྩད་དང་དམ་དྲག་བྱེད་བཞིན་ཡོད་པ་རེད་འདུག

Photo: TibetTimes

སྤྱིར་ཉེ་སྔོན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མགོ་ལོག་ཁུལ་གྱི་རང་བྱུང་ཁོར་ཡུག་དོ་དམ་ལས་ཁུངས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་དོན་ཚན་ལྔ་ཅན་གྱི་བརྡ་ཁྱབ་ཅིག་བཏང་ཡོད་པའི་ནང་། མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་པའི་མི་སྒེར་དང་ཚོགས་པ་ཁག་ནས་ས་གནས་རྒྱ་གཞུང་ལས་ཁུངས་ཀྱིས་ཆོག་མཆན་མེད་པར་གནས་རི་གཉན་པོ་གཡུ་རྩེར་སྐྱེ་ཁམས་ཉམས་ཞིབ་དང་ཚན་རིག་བརྟག་དཔྱད་རིགས་བྱེད་མི་ཆོག་པ་བཟོས་ཡོད་པ་མ་ཟད།  ཆོག་མཆན་མེད་པའི་བྱ་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། གལ་ཏེ་གང་ཟག་སྒེར་དང་ཚོགས་པ་གང་རུང་གིས་བཀོད་ཁྱབ་དེར་བརྩི་སྲུང་མ་བྱས་ཚེ་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་དྲག་པོ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པ་མ་ཟད། ས་གནས་བོད་མི་རྣམས་ནས་ཀྱང་གནས་ཆེན་དེར་སྐོར་བར་ཕེབས་པ་དང་མཆོད་མཇལ་དུ་འགྲོ་བ། དེ་བཞིན་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ལུགས་དང་འབྲེལ་བའི་གནང་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད། ས་གནས་མགོ་ལོག་བོད་མི་ཚོས་གསུངས་ན། རྒྱ་ནག་གཞུང་གིས་གནས་རི་གཉན་པོ་གཡུ་རྩེ་སྒོ་བརྒྱབས་ཏེ། ཡུལ་སྐོར་བ་བཀག་འགོག་ཙམ་མ་ཟད། མཐའ་ན་ས་གནས་མི་མང་ནས་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་བཀག་འགོག་བྱེད་བཞིན་པ་དེ་ནི་རྒྱ་གཞུང་གིས་བསམ་བཞིན་དུ་ས་གནས་བོད་མི་ཚོའི་ཆོས་ཕྱོགས་ཀྱི་གནང་སྒོར་ཞུགས་རྒྱུ་དམ་དྲག་བྱས་པ་ཞིག་ཡིན་པ་དང་ཆབས་ཅིག བོད་ཀྱི་ཆོས་དང་རིག་གཞུང་བཅས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ཞིག་ལས་གཞན་གང་ཡང་མིན་པར་ངོས་འཛིན་གནང་བཞིན་ཡོད་པ་མངོན་གསལ་བྱུང་ཡོད་པ་རེད།

ཡིན་ནའང་ད་ལྟའི་ཆར་གནས་རི་གཉན་པོ་གཡུ་རྩེར་དམ་དྲག་དང་ད་ལྟའི་དགེ་འདུན་པ་འཛིན་བཟུང་བྱས་པ་གཉིས་ཀྱི་དབར་ཐད་དཀར་འབྲེལ་བ་ཡོད་པ་ཤེས་རྟོགས་ཐུབ་མ་སོང་།

གཉན་པོ་གཡུ་རྩེ་རུ

དེ་བཞིན་བོད་གནས་ལྟ་ཞིབ་ཁང་གི་བོད་ནང་གི་གནས་ཚུལ་གཞན་ཞིག་སྤེལ་བའི་ནང་། དེ་སྔ་ཕྱི་ལོ་ ༢༠༢༡ ལོར་འཛིན་བཟུང་བཙོན་འཇུག་རྗེས་ཕྱི་ལོ་ ༢༠༢༢ ལོར་རྒྱལ་ཁབ་ཁ་བྲལ་གཏང་ཐབས་ཀྱི་ཉེས་འཛུགས་འོག་ལོ་ ༤ དང་ཟླ་བ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་ཆབ་སྲིད་བཙོན་པ་རྩོམ་པ་པོ་ཐུབ་བསྟན་བློ་གྲོས་ལགས་ཀྱི་སྐོར་ལ་ལོ་གཉིས་ཀྱི་རྗེས་སུ་གཞི་ནས་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་དུ། ཁོང་དར་རྗེ་རྡོ་བཙོན་ཁང་དུ་ཡོད་པ་དང་། བཙོན་ཁང་ནང་དུ་བཙན་དབང་གི་ངལ་རྩོལ་རྒྱུག་བཅུག་པའི་རྐྱེན་གྱིས་ཁོང་ལ་ནད་གཞི་དྲག་པོ་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་པ་ཤེས་རྟོགས་བྱུང་འདུག

ཡིན་ནའང་ད་ལྟའི་ཆར་ཁོང་སྨན་ཁང་གང་གི་ནང་དུ་ཡོད་པ་དང་། སྨན་ཁང་དུ་ག་དུས་བསྐྱལ་བ། དེ་བཞིན་ད་ལྟ་སྨན་ཁང་ད་གའི་ནང་དུ་མུ་མཐུད་གནས་ཡོད་མིན་སོགས་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག

ཐུབ་བསྟན་བློ་གྲོས་ལགས་ནི་ད་ལྟ་རང་ལོ་ ༣༠ ནང་ཡིན་པ་དང་། ཁོང་རྒྱ་གཞུང་གིས་དབྱེས་བའི་དཀར་མཛེས་བོད་རིག་རང་སྐྱོང་ཁུལ་གྱི་སེར་ཤུལ་རྫོང་། འབུམ་རྙིང་སྡེ་བ་ནས་རེད་འདུག ཁོང་དེ་སྔ་སེར་ཤུལ་རྫོང་གི་འབྲིང་རིམ་སློབ་གྲྭའི་ནང་དུ་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་འདུག་ཀྱང་། རྒྱ་གཞུང་གིས་དྲག་གནོན་རྐྱེན་པས་དགེ་རྒན་གྱི་ཕྱག་ལས་བཞག་དགོས་བྱུང་འདུག ཁོང་གིས་བོད་ཡིག་དྲ་རྒྱ་དང་གླེང་སྟེགས་འདྲ་མིན་ཐོག་དཔྱད་རྩོམ་དང་གྲུང་ཐུང་ངུ་བྲིས་པ་དེ་དག་ལ་ས་གནས་མང་ཚོགས་ཀྱི་དགའ་མོས་ཆེན་པོ་བྱས་ཀྱི་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡༠ པའི་ནང་དུ། ཁོང་གིས་Weibo དང་ QQ སྤྱི་ཚོགས་དྲ་ལམ་ཐོག་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་རྩོམ་ཡིག་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་རྗེས། ཟླ་བ་ ༧ ཙམ་བཀག་ཉར་གྱིས་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༧པའི་ནང་དུ་ཁོང་ལ་ཁ་བྲལ་གྱི་བསམ་བློ་རྒྱུད་སྐུལ་བྱས་པ་དང་དོན་མེད་འཁྲུག་འཛིང་བྱས་པ་སོགས་ཀྱི་ཉེས་འཛུགས་གཡོག་སྟེ་ལོ་ ༤ དང་ཟླ་བ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།