རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པ་བརྒྱུད་བོད་རྒྱ་བསྒྱུར་གྱི་ལས་དོན་ཇེ་བརྟན་དུ་གཏོང་རྒྱུར་དམིགས་ཡོད་པ་གསུངས་འདུག

Tibetan News Headlines

  • In Depth :China’s 15th Five-Year Plan Signals Political Priorities Over Tibetan Development
  • Art and Culture : In Conversation with Dhondup Tsering, the Ladakh TCV Teacher Who Wears Many Hats

ཪེས་གཟའ་ཉི་མ། ༢༠༢༦།༠༤།༡༢

  • རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པ་དང་འབྲེལ་གླེང་མོལ།
  • སྒྱུ་རྩལ་གྱི་གླེང་སྟེགས། དོན་གྲུབ་ཚེ་རིང་ལགས་ཀྱི་སྒྱུ་རྩལ་གྱི་ལམ་བུ།

ཉེ་ཆར་རྒྱ་ནག་རྒྱལ་ས་པེ་ཅིང་དུ་འཚོགས་པའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག ཕྱི་ལོ་ ༢༠༢༦ ནས་ ༢༠༣༠ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པ་དེ་གཏན་འབེབས་བྱས་ཡོད་པ་དང་། དེ་འབྲེལ་ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པ་སྟེ། ཕྱི་ལོ་ ༢༠༢༦ ནས་ ༢༠༣༠ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐོག་ལ་དཔྱད་ཞིབ་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་གཞུང་གིས་མ་འོངས་ལོ་ལྔའི་ནང་བོད་ནང་སྤུས་ཚད་མཐོ་བའི་ཡར་རྒྱས་འཛུགས་སྐྲུན་སོགས་ལ་ཁ་གཡར་ཏེ། དོན་དངོས་ཐོག་བོད་ནང་འཆར་གཞི་ལག་བསྟར་ཁྲོད་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་རྒྱུ་གཙོ་བོ་བཟུང་ཡོད་པ་མངོན་གསལ་གནང་འདུག

དེ་ཡང་ཁ་སང་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ ༡༥ པའི་ཐོག་ལ་དཔྱད་ཞིབ་ཀྱི་སྙན་ཐོ་དེ་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༦ ནས་ ༢༠༣༠ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་དེའི་ཁྲོད་ཕྱི་ལོ་ ༢༠༣༥ བར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོར་བཟུང་གིས་བོད་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་མི་འབོར་ཆེ་བའི་ས་ཁུལ་དུ་ལྕགས་ལམ་མི་འདྲ་བ་བཅུ་གསར་དུ་བརྒྱག་རྒྱུ་ཡིན་པ་མ་ཟད་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་ལ་ལྕགས་ལམ་གྱིས་མཐུད་ཚད་ཇེ་མགྱོགས་སུ་གཏོང་འཆར་སོགས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་པའི་ཞིང་ཆེན་དང་གྲོང་ཁྱེར་ཆེ་ཁག་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་སྟེ། སྤྱི་ཚོགས་རིང་ལུགས་དེ་བཞིན་དེང་རབས་ཅན་ཞིག་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་འདིང་གི་ཡོད་ལུགས་བརྗོད་ཡོད་ཀྱང་། ཚོགས་པས་རྒྱ་གཞུང་གིས་མ་འོངས་ལོ་ལྔའི་ནང་བོད་ནང་སྤུས་ཚད་མཐོ་བའི་ཡར་རྒྱས་འཛུགས་སྐྲུན་སོགས་ལ་ཁ་གཡར་ཏེ། དོན་དངོས་ཐོག་བོད་ནང་འཆར་གཞི་ལག་བསྟར་ཁྲོད་བོད་རྒྱ་བསྒྱུར་གྱི་ཆབ་སྲིད་དམིགས་ཡུལ་སྒྲུབ་རྒྱུ་གཙོ་བོ་བཟུང་ཡོད་པ་མངོན་གསལ་གནང་འདུག

མ་ཟད་སྙན་ཐོའི་ནང་། ལོ་ལྔ་ཚན་གྱི་འཆར་གཞིའི་ནང་བོད་ཀྱི་ནང་དུ་སྐྱེལ་འདྲེན་གྱི་རྒྱ་ལམ་འཛུགས་སྐྲུན་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་གནས་བབ་ཡར་རྒྱས་གཏང་རྒྱུ། བོད་ཀྱི་ས་མཚམས་ས་ཁུལ་སྐོར་དང་འབྲེལ། བོད་དེ་ལྷོ་ཨེ་ཤི་ཡ་ས་ཁུལ་ནང་དུ་ཚོང་འབྲེལ་གྱི་བརྒྱུད་ལམ་གཙོ་བོ་ཞིག་ཏུ་བསྒྱུར་རྒྱུ། དེ་བཞིན་རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་ཙམ་མ་ཟད། རྒྱ་གཞུང་གི་དབྱེ་བའི་བོད་ཀྱི་ཞིང་ཆེན་ས་ཁུལ་གཞན་ཁག་གི་ནང་དུའང་འཛུགས་སྐྲུན་ཡར་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེ་ཙམ་བྱེད་རྒྱུ། ལྷག་པར་དུ་ཁོར་ཡུག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་ནུས་ལྡན་ཚུལ་བརྗོད་དེ་ཡར་ཀླུང་གཙང་པོ་གཙོས་པའི་བོད་ཀྱི་ཆུ་བའི་ཐོག་ཆུ་གློག་གསར་རྒྱག་གི་ལས་གཞི་རྒྱ་ཆེ་སྤེལ་རྒྱུ་སོགས་འཆར་གཞི་ཐེངས་ ༡༥ པའི་ནང་དུ་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དེ་གཙོ་བོར་བཟུང་ཡོད་ཀྱང་། འཕགས་བོད་ས་མཚམས་སུ་ལྕགས་ལམ་དང་། གཞུང་ལམ། གནམ་ཐང་སོགས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལས་གཞི་ཁག་ནི་དམག་དཔུང་འགུལ་བསྐྱོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཆེ་རུ་གཏོང་ཆེད་ཡིན་པ་དང་། ཡར་རྒྱས་འདི་དག་གིས་བོད་མིའི་འཚོ་བའི་གནས་སྟངས་ལེགས་བཅོས་བྱ་རྒྱུ་མིན་པར་བོད་ཀྱི་ས་ཁུལ་དེ་བཞིན་དམག་དོན་གྱི་དམིགས་ཡུལ་དུ་བེད་སྤྱོད་བྱེད་བཞིན་པ་མངོན་གསལ་གནང་འདུག

དེ་བཞིན་འཆར་གཞི་ཐེངས་ ༡༥ པའི་ནང་དུ་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱག་རྒྱུ་ཡིན་ཟེར་བའི་འོག བོད་ཀྱི་ས་ཁུལ་ཕོན་ཆེན་པོ་ཞིག་སྤྱི་གླིང་དུ་བསྒྱུར་རྒྱུ་གཙོས་ཆུ་གློག་གི་ལས་གཞི་རྒྱ་ཆེ་སྤེལ་རྒྱུ་སོགས་བརྗོད་ཡོད་པ་དེ་ལྟར་ཡང་། དོན་དངོས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག བོད་ཀྱི་ཚོར་བ་རྣོ་བའི་ཁོར་ཡུག་གནས་སྟངས་ལ་མ་ལྟོས་པར་བོད་ནང་ཆུ་མཛོད་གསར་རྒྱག་སོགས་ཀྱི་འཆར་གཞི་ལག་བསྟར་བརྒྱུད་གློག་ཤུགས་དེ་བཞིན་ཤར་ཕྱོགས་ཀྱི་རྒྱ་ནག་ཏུ་སྐྱེལ་འདྲེན་བྱ་རྒྱུར་དམིགས་ཡོད་པ་དང་། ལས་གཞི་དེས་ས་གནས་ཀྱི་བོད་མི་ཚོའི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་བློ་འཚབ་གསལ་སྟོན་དང་ཆབས་ཅིག དེ་བཞིན་བོད་ཀྱི་ས་མཚམས་ས་ཁུལ་དང་འབྲེལ་བའི་ལས་འཆར་འོག བོད་ཀྱི་མངའ་རིས་དང་སྐྱིད་གྲོང་ས་ཁུལ་དེ་བཞིན་རྒྱ་གར་དང་བལ་ཡུལ་གཙོ་བོར་གྱུར་བའི་ལྷོ་ཨེ་ཤི་ཡའི་ས་ཁུལ་དུ་ཚོང་འབྲེལ་ཆེད་བེད་སྤྱོད་གཏོང་རྒྱུ་དང་། བལ་ཡུལ་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆར་གཏོང་རྒྱུ་བཅས་ལ་བེད་སྤྱོད་བཏང་ཡོད་པ་མངོན་གསལ་གནང་འདུག

ད་དུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ལས་དོན་རྒྱ་ཆེར་སྤེལ་དགོས་པར་ནན་བརྗོད་བྱས་པར་ལྟར། ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པའི་ནང་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུར་གུ་ཡངས་ཤུགས་ཆེ་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གིས་ཡུལ་སྐོར་སྤྲོ་འཆམ་བརྒྱུད་ནས་བོད་མི་རྣམས་རང་གི་སྲོལ་རྒྱུན་དང་རིག་གཞུང་ནས་རྒྱང་ཐག་རིང་དུ་བཏང་སྟེ་རྒྱ་བསྒྱུར་གྱི་ལས་གཞི་རྒྱ་སྐྱེད་འོག་རྒྱ་སྐད་དང་རྒྱ་ཡིག་བེད་སྤྱོད་ཇེ་མང་དུ་གཏོང་བའི་བརྒྱུད་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་ལ་དམིགས་ཡོད་པ་མངོན་གསལ་གྱིས། མ་འོངས་ལོ་ལྔའི་ནང་རྒྱ་གཞུང་གིས་འཛུགས་སྐྲུན་གྱི་རྣམ་པའི་ཐོག་ནས་རྒྱ་བསྒྱུར་གྱི་སྲིད་བྱུས་ཇེ་ཤུགས་ཆེ་རུ་གཏོང་ངེས་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་སྤེལ་གྱི་མིང་འོག་ནས་སློབ་གྲྭ་དང་དགོན་སྡེ། ཞིང་གྲོང་ཁྱོན་ཡོངས་ནང་རྒྱ་སྐད་སློབ་ཁྲིད་གཙོས་རྒྱ་ནག་དམར་གཞུང་ལ་བརྩི་བཀུར་གྱི་སློབ་གསོ་སྤེལ་རྒྱུ་སོགས་དམིགས་འབེན་བཟུང་ཡོད་པར་སེམས་འཚབ་བསྟན་འདུག

གཞི་རྩའི་རྒྱ་གཞུང་གིས་ལོ་ལྔ་རེ་མཚམས་སུ་ལོ་ལྔ་ཚན་ཅན་གྱི་འཆར་གཞི་མཚོན་ལྷག་པར་ལོ་ལྟར་རྒྱ་ནག་དམར་ཤོག་ཚོགས་པས་དུས་རབས་གསར་པའི་ནང་བོད་སྐྱོང་སྟངས་ཀྱི་སྲིད་བྱུས་དང་འབྲེལ་བའི་ཐབས་ལམ་དང་གྲུབ་འབྲས་སྐོར་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་བརྒྱུད་རྒྱ་ནག་གིས་བོད་ནང་སྔར་བྱུང་མྱོང་མེད་པའི་ཡར་རྒྱས་དང་བཟང་ཕྱོགས་ཀྱི་འགྱུར་ལྡོག་བཏང་ཡོད་སྐོར་བཤད་པ་མ་ཟད། བོད་ནང་གི་བོད་མི་རྣམས་ལ་ཆོས་དད་རང་དབང་དང་སྐད་ཡིག་ཐོབ་ཐང་ཚད་ལྡན་ཡོད་ལུགས། ལྷག་པར་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་བདག་གཅེས་ཀྱི་ལམ་ལུགས་གོང་འཕེལ་དུ་འགྲོ་བཞིན་པ་སོགས་བརྗོད་བཞིན་ཡོད་ནའང་། བོད་མིའི་སྒྲིག་འཛུགས་དབུས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱ་ཞུང་གིས་བོད་ནང་ལ་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་སྐོར་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བ་ཙམ་ལས་བོད་ནང་གི་བོད་མིའི་མངོན་འདོད་ཐོག་གྲུབ་འབྲས་གང་ཡང་སོན་མེད་པ་གསུང་བཞིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།