Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ལོའི་ Trafficking in Persons Report ཞེས་མི་ཚོང་ནག་ཉེས་ཀྱི་གནས་སྟངས་ཐད་སྙན་ཐོ་འདོན་སྤེལ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཐོག རྒྱ་ནག་ནང་དུ་བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་རྣམས་མི་ཚོང་གི་དཀའ་ངལ་འོག་ཚུད་བཞིན་པ་དང་འབྲེལ་བའི་དྲི་བར་ལན་འདེབས་ཁྲོད། ཨ་རི་གཞུང་གི་ངོས་ནས་རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་གི་ལས་དོན་བྱུང་བཞིན་ཡོད་པ་ར་སྤྲོད་བྱུང་ཡོད་པ་དང་འབྲེལ། སེམས་འཚབ་ཡོད་པའི་རྒྱལ་ཁབ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང་། རྒྱ་ནག་ནང་དུ་བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་ཙམ་མ་ཟད། བོད་མི་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་གཞན་ཐོག་བཙན་དབང་གི་ངལ་རྩོལ་གནད་དོན་ཐད་ལ་ཡང་སེམས་འཚབ་ཆེན་པོ་ཡོད་པ་གསུངས་འདུག

china Human Trafficking

རྩ་བའི་ TIP ཞེས་པའི་ལོ་ལྟར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འདོན་སྤེལ་གནང་བའི་རྒྱལ་སྤྱིའི་ཁྲོད་མི་ཚོང་ནག་ཉེས་ཀྱི་གནས་སྟངས་ཐད་ཀྱི་སྙན་ཐོ་དེའི་ནང། ཨ་རིའི་གཞུང་གི་ངོས་ནས་མི་ཚོང་ནག་ཉེས་ཀྱི་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་དང་ནག་ཉེས་དེ་འགོག་ཐབས། དེ་བཞིན་མི་ཚོང་གི་སྡུག་སྦྱོང་མྱངས་མྱོང་མཁན་རྣམས་ཀྱི་སྲུང་སྐྱོབ་དང་ཉེས་ཅན་པ་རྣམས་ལ་ཁྲིམས་ལུགས་ལྟར་ཉེས་ཆད་གཅོད་རྒྱུའི་ལས་དོན་རྣམས་ལ་རྟོག་ཞིབ་གནང་བའི་བརྒྱུད། ཨ་རིའི་གཞུང་ནས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྲུང་། ཁྲིམས་ལུགས་ལག་བསྟར་བཅས་ཀྱི་ཐད་ལ་སྣེ་ཁྲིད་ཀྱི་འོས་འགན་ཇི་ལྟར་བསྒྲུབ་མིན་གྱི་གནས་བབས་མངོན་གསལ་གནང་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་འབྲེལ་ལམ་གྱི་གཞི་རྟེན་ཡང་ཆགས་ཀྱི་ཡོད་པ་རེད་འདུག

ཐེངས་འདིའི་སྙན་ཐོའི་ནང་དུ་འཕྲུལ་རིགས་མཉེན་ཆས་ཀྱི་དུས་རབས་འདིའི་ནང་མི་ཚོང་ཉེས་ཅན་པ་རྣམས་ཀྱི་འཕྲུལ་རིགས་བེད་སྤྱོད་གཏང་ཕྱོགས་དང་ཨ་རིའི་གཞུང་གི་ངོས་ནས་ཀྱང་འཕྲུལ་རིགས་དེ་དག་རང་གི་བརྒྱུད་ནས་མི་ཚོང་ནག་ཉེས་འགོག་ཐབས་ཀྱི་ལས་དོན་སྤེལ་ཕྱོགས། དེ་བཞིན་རྒྱལ་སྤྱིའི་གཞུང་ཚོགས་གཞན་གྱི་ལྷན་དུ་མི་ཚོང་འགོག་ཐབས་ཐད་མཉམ་ལས་བྱེད་ཕྱོགས་སྐོར་འཁོད་ཡོད་འདུག

cindy-dyer-

ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་རྒྱལ་སྤྱིའི་ཁྲོད་མི་ཚོང་ནག་ཉེས་ཀྱི་གནས་སྟངས་དང་འབྲེལ་བའི་ལོ་འདིའི་སྙན་ཐོ་འདོན་སྤེལ་གནང་བའི་རྗེས་སུ། ཨ་རི་གཞུང་གིས་མི་ཚོང་ནག་ཉེས་འགོག་ཐབས་ཀྱི་འགྲིན་ཚབ་ Ambassador Cindy Dyer ལགས་ཀྱི་གསར་འགོད་ལྷན་ཚོགས་ཞིག་གི་ཐོག་སྙན་ཐོ་དེའི་ནང་དོན་སྙན་སྒྲོན་ཁྲོད། ཐེངས་འདིའི་སྙན་ཐོའི་ནང་དུ་ཨ་རི་གཙོས་པའི་རྒྱལ་ཁབ་ ༡༨༨ ནང་གི་གནས་སྟངས་ལ་དཔྱད་ཞིབ་བྱས་ཡོད་པའི་ཁོངས་ནས་རྒྱ་ནག་དང་ཨུ་རུ་སུ། Cuba, Belarus སོགས་རྒྱལ་ཁབ་ ༡༣ ཀྱི་སྲིད་གཞུང་རང་གི་ནག་ཉེས་ཀྱི་ལས་དོན་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་མངོན་གསལ་བྱུང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲོད་མི་ཚོང་ནག་ཉེས་དང་འབྲེལ་བའི་བཙན་དབང་གི་ངལ་རྩོལ་དང་དྲ་ལམ་བརྒྱུད་ནས་གཡོ་ཕྲམ་སོགས་ཀྱི་བྱ་ལུགས་གསར་པ་ཁག་གཅིག་དར་ཁྱབ་འགྲོ་བཞིན་ཡོད་པ་སོགས་ར་ཁྲོད་བྱུང་ཡོད་པ་གསུངས་འདུག

china Human Trafficking

དེ་རྗེས་དྲི་བ་དྲི་ལན་གྱི་ལས་རིམ་ཁྲོད་གསར་འགོད་པ་ཞིག་གིས། རྒྱ་ནག་ནང་དུ་མི་ཚོང་ནག་ཉེས་ཀྱི་གནས་སྟངས་ཁྲོད་རྒྱ་ནག་ནང་དུ་ཡོད་པའི་བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་རྣམས་དེའི་འོག་ཚུད་བཞིན་པའི་སྐོར་གྱི་དྲི་བར་ལན་འདེབས་ཁྲོད། མགྲིན་ཚབ་ Ambassador Cindy Dyer ལགས་ཀྱིས་རྒྱ་ནག་དེ་བཞིན་མུ་མཐུད་སེམས་འཚབ་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་སུ་སླེབས་ཀྱི་ཡོད་པར། ང་ཚོའི་རྟོག་ཞིབ་བྱས་པའི་ཁྲོད་རྒྱ་ནག་གཞུང་རང་གི་སྲིད་བྱུས་རིམ་པའི་ཐོག་ནས་མི་ཚོང་གི་ལས་དོན་ལ་རྒྱབ་སྐྱོར་བྱས་ཀྱི་ཡོད་པ་ར་སྤྲོད་བྱུང་ཡོད་པ་དང་། དེའང་བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་གཅིག་པོ་མ་ཡིན་པར། རྒྱ་ནག་གི་བོད་མི་དང་ཡུ་གུར་བ་གཙོས་པའི་གྲངས་ཉུང་མི་རིགས་གཞན་ཐོག་ལ་བཙན་དབང་ངལ་རྩོལ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཐོག་ལ་ཡང་སེམས་འཚབ་ཆེན་པོ་ཡོད་པ་གསུངས་ཏེ། ལྷག་པར་དུ་ང་ཚོའི་རྟོག་ཞིབ་ཁྲོད་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༡ པོ་ནས་ཕྱི་ཟླ་ ༩ པའི་བར་གཅིག་པོར་ཤིན་བྱང་ནང་དུ་ངལ་རྩོལ་བ་ས་ཡ་གསུམ་ཙམ་གྱི་ཡོད་པ་མངོན་གསལ་བྱུང་ཡོད་པ་གསུངས་འདུག

ugyur concentration camp

རྩ་བའི་འདས་པའི་ལོ་ཤས་ནང་དུ་རྒྱ་ནག་གཞུང་གིས་ཤིན་ཅང་ནང་དུ་ཡུ་གུར་བ་ས་ཡ་བརྒལ་བ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་དུ་བཞག་ཡོད་པ་མངོན་གསལ་བྱུང་ཡོད་པ་མ་ཟད། བོད་ནང་དུའང་བོད་མི་འབུམ་ཁ་ཤས་བཙན་དབང་གིས་ངལ་རྩོལ་ར་བའི་ནང་དུ་བཞག་པའི་གནས་ཚུལ་རིམ་པའི་ཐོན་ཡོད་པ་མ་ཟད། དེ་སྔ་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་གནས་ཚུལ་སྤེལ་བའི་ནང་དུ། སྔ་ལོའི་ཕྱི་ཟླ་ ༣ པའི་ནང་དུ་བོད་མདོ་སྨད་རྔ་བ་ཁུལ་ཆུ་ཆེན་རྫོང་གི་འབྲིང་རིམ་སློབ་གྲྭ་གཉིས་པའི་སློབ་ཕྲུག་ ༨ རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ཐབས་གནང་བའི་ཁོངས་ནས་ནས། སློབ་ཕྲུག་ ༤ རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། སློབ་ཕྲུག་གཞན་བཞི་པོ་མི་ཚོང་རྒྱག་མཁན་གྱི་ལག་ཏུ་ཐེབས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། སྐབས་དེར་རྒྱ་གཞུང་ཉེན་རྟོག་པའི་ཕ་མ་ཚོར་མི་ཚོང་རྒྱག་མཁན་གྱི་ལག་ཏུ་ཐེབས་པའི་ཕྲུ་གུ་རྣམས་གློད་བཀྲོལ་དགོས་ན་ཉེན་རྟོག་པར་དངུལ་འབོར་ཆེན་པོ་སྤྲད་དགོས་པ་བརྗོད་ཡོད་པ་དང་། གར་སོང་ཆ་མེད་དུ་གྱུར་བའི་ཕྲུ་གུ་བཞིའི་ཁོངས་ནས་གཅིག་སྔ་ལོའི་ཕྱི་ཟླ་ ༡༠ པའི་ནང་དུ་རང་ཁྱིམ་དུ་ཕྱིར་ལོག་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།