Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ལ་གདོང་ལེན་བྱ་རྒྱུ་ནི་བོད་ཀྱི་གནད་དོན་ཙམ་མིན་པར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་ཐུན་མོང་གི་ཁས་ལེན་དམ་བཅའ་ཞིག་ཡིན་ཞེས་གསུངས་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

ཟླ་བ་འདིའི་ཕྱི་ཚེས་ ༢༨ ནས་དེ་རིང་ཕྱི་ཚེས་ ༣༠ བར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་ International Religious Freedom or Belief Alliance Conference རྒྱལ་སྤྱིའི་ཆོས་དད་རང་དབང་དང་ཡིད་ཆེས་མཐུན་གྲོས་ཀྱི་བློན་ཆེན་ལྷན་ཚོགས་ཐེངས་བཞི་པ་འཚོགས་བཞིན་ཡོད་པ་དང་འབྲེལ། ཁ་སང་ཕྱི་ཚེས་ ༢༩ སྟེ་ལྷན་ཚོགས་ཀྱི་ཉིན་གཉིས་པའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་ཞུས་པའི་ཟུར་ཚོགས་སྐབས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya ཨ་ཛི་རཱ་ཛེ་ཡ་མཆོག་ཕེབས་ཏེ། བོད་དོན་སྐོར་གསུང་བཤད་གནང་བའི་ཁྲོད། བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཐུགས་འཚབ་མངོན་གསལ་དང་འབྲེལ། ཨ་རིའི་ངོས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་སྲུང་སྐྱོབ་ལ་རྒྱབ་སྐྱོར་གཡོ་མེད་ཡོད་ཅེས་གསུངས་འདུག་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་གདོང་ལེན་བྱ་རྒྱུ་ནི་བོད་ཀྱི་གནད་དོན་ཙམ་མིན་པར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་ཐུན་མོང་གི་ཁས་ལེན་དམ་བཅའ་ཞིག་ཡིན་ཞེས་གསུངས་འདུག

ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ནང་། ལྕམ་སྐུ་ Uzra Zeya ཨ་ཛི་རཱ་ཛི་ཡ་མཆོག་གིས་ཐོག་མ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་ཟུར་ཚོགས་གོ་སྒྲིག་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་དེ་ལྟ་བུའི་ལྷན་ཚོགས་གཙོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། འཛམ་གླིང་ནང་མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་སྲིད་གཞུང་ཚོས་སོ་སོའི་ལྟ་གྲུབ་དང་ལངས་ཕྱོགས་མི་མཐུན་མཁན་རྣམས་ལ་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་དང་མང་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཁག་ལ་སྣང་ཆུང་བྱེད་ཀྱི་ཡོད་ཅིང་། བོད་ནང་འབྱུང་བཞིན་པའི་དཀའ་རྙོག་གནས་ཚུལ་དེ་དག་རྒྱུ་རྐྱེན་དེ་ཚོའི་ཁྲོད་ཀྱི་དཔེ་མཚོན་གཅིག་ཡིན་པ་ནན་བརྗོད་གནང་འདུག

དེ་བཞིན་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་གཞི་རྩར་བཟུང་བའི་བོད་ཀྱི་ཆོས་དང་རིག་གཞུང་ནི་བོད་མིའི་ངོ་བོ་མཚོན་གྱི་ཡོད་པ་དེ་ལྟར་ཡང་། རྒྱ་དམར་དཔོན་རིགས་ཚོས་བོད་ཀྱི་ནང་ཆོས་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ཉེན་ཚབས་ཅན་ཞིག་ཡིན་པ་འགྲེལ་བཤད་རྒྱག་གི་ཡོད་པ་དང་ཆབས་ཅིག བོད་བརྒྱུད་ནང་བསྟན་དེ་ཉིད་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་མཐུན་གྱི་མེད་སྟབས། བོད་བརྒྱུད་ནང་བསྟན་དེ་ཉིད་རྒྱ་ནག་ཅན་དུ་སྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་གནང་འདུག

ཕྱོགས་མཚུངས་བོད་ནང་ཆོས་ཕྱོགས་ཀྱི་འདུ་འཛོམས་དང་གནང་སྒོ་ཁག་ལའང་དམ་བསྒྲགས་ཀྱིས་ཆོག་མཆན་ཞུ་དགོས་པ་དང་། ལྷག་པར་དུ་གྲྭ་བཙུན་རྣམས་རྒྱ་གཞུང་ལ་བློ་ཁ་ཕྱོགས་པར་བཟོ་ཐབས་སླད་ Patriotic Campaign ཞེས་རྒྱལ་ཞེན་གྱི་ལས་འགུལ་སོགས་སྤེལ་ཐོག་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལ་སྲིད་གཞུང་གིས་སྟངས་འཛིན་ཙམ་མ་ཟད། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་ལའང་ཐེ་བྱུས་བྱ་རྒྱུའི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་གསལ་བཏོན་གནང་ཡོད།

ད་དུང་བོད་ཕྲུག་བྱིས་པ་རྣམས་ཀྱི་ཆོས་ཕྱོགས་སློབ་གཉེར་ལ་དམ་བསྒྲགས་དང་། ༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་གནང་ཆོག་གི་མེད་པའི་གནད་དོན་ཐེར་འདོན་དང་འབྲེལ། རྒྱ་གཞུང་གིས་དམིགས་བསལ་ཆོས་ལུགས་རང་དབང་གི་ཐོབ་ཐང་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་གསར་པ་བཟོ་ཐབས་བྱེད་བཞིན་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་གདོང་ལེན་བྱ་རྒྱུ་དེ་ནི་བོད་ཀྱི་གནད་དོན་ཙམ་མིན་པར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་ཐུན་མོང་གི་ཁས་ལེན་དམ་བཅའ་ཞིག་ཡིན་པ་གསལ་བཏོན་བྱེད་ཀྱི་ཡོད་ཅེས་གསུངས་བ་མ་ཟད། གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་དབུ་ཁྲིད་ལ་མིག་ལྟོས་བྱེད་དགོས་ཞེས་གསུངས་ཏེ། མཐར་ལྕམ་སྐུ་མཆོག་གིས་ཨ་རིའི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་ཡོད་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་ཆེ་མཐོང་སྲུང་སྐྱོབ་སླད་མུ་མཐུད་ལས་དོན་གནང་རྒྱུ་ཡིན་ཞེས་གསུངས་འདུག

འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཚན་པའི་འགན་འཛིན་དབང་པོ་བཀྲས་མཐོང་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ཟུར་ཚོགས་དེ་ནི་གཞུང་གིས་ངོས་ལེན་ལྡན་པའི་ཚོགས་འདུ་ཞིག་ཆགས་ཀྱི་ཡོད་པ་དང་། དེའི་བརྗོད་གཞི་ནི་ཨེ་ཤི་ཡའི་ནང་ཞི་བདེ་དང་བདེ་འཇགས་དགོས་ཚེ། ༸རྒྱལ་བ་རིན་པོ་ཆེའི་འབྱུང་འགྱུར་ཐོག་གི་དགོངས་གཞི་དེ་གནད་འགག་ཆགས་ཡོད་ཅེས་པ་དེ་ཡིན་པ་འགྲེལ་བརྗོད་དང་འབྲེལ། སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། དེ་སྔོན་ཕྱི་ལོ་ ༡༩༨༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དེ་ཨེ་ཤི་ཡའི་ཞི་བདེ་བསྟི་གནས་ཤིག་ངོས་འཛིན་ཐུབ་དགོས་གལ་གྱི་གནད་འགག་ཡིན་པར་གསལ་བསྒྲགས་བསྐྱངས་དོན་ལྟར་དེའི་ནང་དོན་དང་གལ་གནད་ཐོག་བཀའ་མོལ་གནང་ཡོད་པ་དང་། ལྷག་པར་དུ་ཟུར་ཚོགས་དེའི་ཐོག་ཨ་རིའི་གཞུང་གིས་གནད་ཡོད་མི་སྣ་བོད་དོན་དམིགས་བསལ་འབྲེལ་མཐུན་པ་ལྕམ་སྐུ་ Uzra Zeya ཨ་ཛི་རཱ་ཛི་ཡ་མཆོག་ཕེབས་ཏེ་ཨ་རིའི་གཞུང་གི་ངོས་ནས་བོད་དོན་ཐོག་གཡོ་མེད་ཀྱི་རྒྱབ་སྐྱོར་ཡོད་ཅེས་གསུངས་པ་དེ་གནད་འགག་ཆེན་པོ་ཞིག་ངོས་འཛིན་ཞུ་ཡི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

ད་དུང་ཁོང་གིས་སྐབས་དེར་ Netherlands རྒྱལ་ཁབ་ཀྱི་སྐུ་ཚབ་ Bea ten Tusscher ལགས་ཀྱང་ཕེབས་ཡོད་ཅིང་། སྐབས་དེར་ཁོང་གིས་བོད་ཐོག་བསམ་བློ་གཏོང་ཕྱོགས་གང་འདྲ་ཡིན་པ་སོགས་གསུངས་ཏེ། མཐར་ནམ་ཡང་བློས་གཏོང་མ་བྱེད་ཅེས་གསུངས་ཡོད་པ་དང་། ལྷག་པར་དུ་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་ཐུགས་འགན་བཞེས་བཞིན་པ་བུ་ཆུང་ཚེ་རིང་ལགས་ཀྱིས། བོད་པ་ཞེས་པ་དེ་ནུས་པ་ལྡན་པའི་མི་རིགས་ཤིག་དང་ཨ་རིའི་གཙོས་པའི་བོད་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཚོ་དང་ལག་འབྲེལ་བཏང་ཐུབ་མཁན་གྱི་མི་རིགས་ཤིག་ལ་ངོས་འཛིན་དགོས་གལ་ཡིན་པ་སོགས་གསུངས་ཡོད་པ་འགྲེལ་བརྗོད་གནང་སོང་།

དེ་བཞིན་ད་རེས་ལྷན་ཚོགས་དེའི་ཐོག་ཅེག་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་རོགས་རམས་གང་ལེགས་གནང་ཡོད་ཅེས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།