fbpx

Tibetan Royal Year of 2150 | Year of the Water Rabbit

རྒྱ་ནག་སྲིད་འཛིན་ལ་ངོ་རྒོལ་གནང་མཁན་ Anders ལགས་ལ་ཆེ་བསྟོད་གཟེངས་རྟགས་ཐོབ་པ།

Tibetan News Headlines

  • བཞུགས་སྒར་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲེན་ཐེངས་ ༢༨ པ་དབུ་འཛུགས།
  • མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།
  • རྒྱ་གཞུང་ནས་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཐོག་འགན་ལེན་དགོས་པ།
  • རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་ Jimmy Lai གི་གནས་བབ་ཐད་ཐུགས་འཚབ་མངོན་གསལ།
  • ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གཏན་འཇག་མིང་གཞུང་ནག་པོའི་ནང་ཡོད་པ་མངོན་གསལ།
  • གཞན་ཕན་ཁྱིམ་གསར་གྱི་གློག་བརྙན་ནང་ Nawazuddin མཉམ་ཞུགས་བྱ་རྒྱུ་ཡིན་འདུག

Thursday 01/06/2023

  • 28th GCM Football tournament begins in Dharamsala
  • CTA inaugurates new camp for Tibetans from Tibet in Mundgod
  • Right group urges China to acknowledge Tiananmen Massacre
  • UN experts express ‘grave concern’ over detention of Jimmy Lai in Hong Kong
  • Canadian MP under China evergreen blacklist, former Conservative leader targeted
  • Bollywood actor Nawazuddin teams up with Tibetan Director for ‘Karma’
(Visited 5 times, 1 visits today)

དེ་སྔ་ཌེན་མག་ནང་རྒྱ་ནག་གི་དཔོན་རིགས་འཚམས་གཟིགས་ལ་ཡོང་སྐབས་ཡུལ་དེའི་ཉེན་རྟོག་པས་བོད་དོན་ལས་འགུལ་བའི་ལག་ནས་བོད་ཀྱི་རྒྱལ་དར་བཙན་འཕྲོག་བྱས་པའི་དོན་རྐྱེན་ཌེན་མག་ཁྲིམས་ཁང་དུ་ཁྲིམས་གཏུག་གནང་མཁན་གཙོ་གྲས་སྐུ་ཞབས་ Anders Hoejmark Andersen ལགས་སུ་ཁོང་གིས་བོད་དོན་ལས་འགུལ་བའི་ཆེད་ཌེན་མག་གཞུང་ལ་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་རྩོད་ལེན་གནང་བར་མངོན་བསྟོད་ཀྱི་ ༢༠༢༣ ལོའི་ Georgbruunske གཟེངས་རྟགས་ཐོབ་འདུག

སྐབས་དེར་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ Anders ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ད་རེས་ང་རང་ལ་བྱ་དགའ་ཐོབ་མཁན་གྱི་མི་སྣ་དྲུག་ཁོངས་སུ་ཚུད་པར་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང། བྱ་དགའ་དེ་གཙོ་བོ་ངས་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གཞུང་འཛིན་ཧུའུ་ཅིན་ཐོ་ཌེན་མག་ནང་གཞུང་འབྲེལ་འཚམས་གཟིགས་སུ་སླེབས་སྐབས་ཌེན་མག་གཞུང་གིས་བོད་དོན་ལས་འགུལ་བའི་ཐོག་དམ་བསྒྲགས་བྱས་པའི་དོན་རྐྱེན་དང་འབྲེལ་བོད་དོན་གྱོད་གཞི་ཌེན་མག་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་པ་ནས་བཟུང་ད་བར་ཌེན་མག་གི་གསར་ཁང་ཁག་དང་ཆབ་སྲིད་མི་སྣའི་ཁྲོད། རྒྱ་ནག་དང་ཌེན་མག་གཞུང་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བོད་དོན་ལས་འགུལ་བའི་ཐོག་དངོས་སུ་བྱ་སྤྱོད་ཇི་སྤེལ་གྱི་གོ་རྟོགས་རྒྱ་གང་ཆེར་སྤེལ་ཐུབ་སོང་བ་མ་ཚད་པར་ཌེན་མག་གཞུང་ལ་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་རྩོད་ལེན་བྱས་མཐར་རྒྱལ་ཁ་ཐོབ་པར་ངོས་འཛིན་གྱིས་ ༢༠༢༣ ལོའི་ Georgbruunske མངོན་བསྟོད་བྱ་དགའ་གནང་བ་ཞིག་ཡིན་སྐོར་གསུངས་སོང་།

ལོ་ངོ་ ༡༠༠ ལྷག་གི་ལོ་རྒྱུས་ཡོད་པའི་ Georgbruunske གཟེངས་རྟགས་ནི། ཌེན་མག་ནང་ཕྲུ་གུ་ཉམ་ཐག་ཆེད་སྤྱི་ཚོགས་ཞབས་ཞུ་གནང་མཁན་དགེ་རྒན་དམ་པ་སྐུ་ཞབས་ Georgbruunske ལགས་ཀྱི་མཚན་ཐོག་ཏུ་གཉེར་བའི་ཐེབས་རྩ་ཁང་ཞིག་ཡིན་པ་དང་། ཌེན་མག་ནང་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མི་སྣ་ཁག་འདེམས་སྒྲུག་གནང་སྟེ་བྱ་དེ་གནང་སྲོལ་ཡོད་པ་རེད། 

ཁ་སང་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Anders ལགས་ལ་བྱ་དགའ་ཐོབ་པར་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་དགའ་བསུའི་འཚམས་འདྲི་དང་འབྲེལ་དོན་ཁང་གི་དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས་ཀྱིས་ཁོང་ལ་རྒྱལ་ཁ་ཐོབ་པ་དེས་རྒྱ་གཞུང་ལ་རང་ཉིད་ཀྱི་མངའ་འོག་ཏུ་ཡོད་པའི་རྒྱལ་ཁབ་ནང་སྟངས་འཛིན་བྱེད་བཞིན་པའི་སྲིད་བྱུས་དེ་དག་མང་གཙོའི་རྒྱལ་ཁབ་གཞན་ཁག་ཏུ་འགྲོ་ས་མེད་པའི་བརྡ་ལན་གསལ་པོ་ཞིག་གནང་ཡོད་པར་ངོས་འཛིན་གནང་བཞིན་ཡོད་སྐོར་གསུངས་སོང་།  

རྩ་བའི་ཕྱི་ལོ་ ༢༠༡༢ ལོར་ཌེན་མག་གི་གྲོང་ཁྱེར་ Copenhagen ནང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་འཚམས་གཟིགས་སླེབས་སྐབས་ཌེན་མག་ཉེན་རྟོག་པས་བོད་དོན་ལས་འགུལ་བ་རྣམས་སྤྱི་སྤྱོད་རླངས་འཁོར་གྱིས་བཀག་ནས་རྒྱ་ནག་གི་སྲིད་འཛིན་མཐོང་ས་མེད་པ་བཟོས་པར་མ་ཟད་བོད་ཀྱི་རྒྱལ་དར་འཕྲོག་པའི་དོན་རྐྱེན་སོགས་བྱུང་སྟེ་སྐབས་དེར་སྐུ་ཞབས་ Anders ལགས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་བ་ཁག་གཅིག་ནས་ཌེན་མག་ཁྲིམས་ཁང་ལ་ཌེན་མག་གཞུང་གི་ལས་འགུལ་བའི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་རྡོག་རོལ་བཏང་བའི་ཉེས་མིང་ཐོག་ཁྲིམས་གཏུག་བྱས་ཡོད་པ་དང། ཌེན་མག་ཆེས་མཐོའི་ཁྲིམས་ཁང་ནས་དོན་རྐྱེན་དེའི་ཐོག་ཞིབ་འཇུག་གཏིང་ཟབ་ཡོང་ཆེད་བོད་དོན་ཞིབ་འཇུག་ལྷན་ཚོགས་ཞེས་པ་སྔ་རྗེས་ཐེངས་གཉིས་ཆེད་འཛུགས་གནང་ཡོད་ཅིང། སྔ་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༣ ནང་བོད་དོན་ཞིབ་འཇུག་ལྷན་ཁང་གི་ཞིབ་འཇུག་སྙན་ཐོ་ཐེངས་གཉིས་པ་ཡོངས་གྲགས་བྱས་ཏེ་ཌེན་མག་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་དོན་ལས་འགུལ་བར་དམ་བསྒྲགས་བྱས་པ་དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་དང་ཡོངས་སུ་འགལ་ཡོད་པར་མངོན་གསལ་གནང་འདུག

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Anders ལགས་ཀྱིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོའི་ངོས་ནས་མ་འོངས་པར་ས་གནས་སོ་སོའི་ནང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་དམ་བསྒྲགས་དང་དགོག་རྐྱེན་བཟོས་པའི་གནད་དོན་དེ་རིགས་འཕྲད་ཚེ་གནས་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་ཁྲིམས་གཏུག་གནང་གལ་ཡིན་པ་དང་། ལྷག་པར་དུ་ཡོ་རོབ་ནང་གནས་སྡོད་བྱེད་མཁན་ཞིག་ཡིན་ཚེ་ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཐོག་ནས་རྩོད་ལེན་གནང་རྒྱུའི་ཐོབ་ཐང་ཡོད་པ་རེད། ང་ཚོས་དེ་ལྟར་རྩོད་ལེན་གནང་དགོས། ད་རེས་ང་ཚོར་རྒྱལ་ཁ་ཐོབ་པ་དེས་རྒྱ་ནག་གཞུང་ནས་རང་སྣང་གང་ཤར་གྱིས་བཙན་ཤེད་བྱེད་ས་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཐུབ་ཡོད་ཅེས་གསུངས་ཡོད།

གཞི་རྩའི་རང་ལོ་ ༦༠ ཡིན་པའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Anders Hoejmark Andersen ལགས་ནི་ཌེན་མག་སྦྲག་ཁང་དུ་ཕྱག་ལས་གནང་གི་ཡོད་པ་དང། ཁོང་དེ་སྔ་ཕྱི་ལོ་ ༡༩༨༥ ནས་ ༢༠༠༦ བར་བོད་ནང་སྔ་རྗེས་ཐེངས་གཉིས་ཕེབས་འདུག་ཅིང། ཕྱི་ལོ་ ༡༩༨༩ ལོར་ཌེན་མག་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཡོད་པ་དང་ད་ལྟའི་ཆར་ཚོགས་གཙོའི་ཐུགས་འགན་བཞེས་མུས་ཡིན་པ་རེད།

ཁོང་གིས་ཁྱོན་མི་ལོ་སུམ་ཅུ་ལྷག་གི་རིང་བོད་དོན་རྒྱབ་སྐྱོར་དང་ཕྱི་ལོ་ ༢༠༡༢ ལོར་ཌེན་མག་ནང་བོད་དོན་དོན་ལས་འགུལ་བར་དམ་བསྒྲགས་བྱས་པའི་དོན་རྐྱེན་དང་འབྲེལ་བོད་དོན་གྱོད་གཞི་ཌེན་མག་གཞུང་གི་ཁྲིམས་ཁང་དུ་ཁྲིམས་གཏུག་གནང་མཁན་གཙོ་བོ་ཞིག་ཆགས་ཡོད།  

(Visited 608 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།