Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་ཚོས་ཞི་འབོད་དང་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བ། 

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

སུད་སི་ཇི་ནི་ཝའི་གྲོང་ཁྱེར་དུ་ཕྱི་ཚེས་ ༡༡ ནས་ཟླ་ ༡༠ ཚེས་ ༡༣ བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༤ འཚོགས་བཞིན་པ་དང་བསྟུན། ཁ་སང་ཁུལ་དེར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་གསལ་སྟོན་དང་སྦྲགས་གཞི་རྒྱ་ཆེ་བའི་ཞི་རྒོལ་གྱི་་ལས་འགུལ་སྤེལ་འདུག

ཁ་སང་སུད་སི་ནང་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་དབུ་འཛུགས་གནང་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཐོག་ཁུལ་དེར་ཡོད་པའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་གཙོས་རྒྱུན་ལས་དང་། སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཚབ། ས་གནས་བོད་ཀྱི་བེུད་ཚོགས་པའི་རྒྱུན་ལས་དང་ཚོགས་མི། ས་གནས་མི་མང་དང་བོད་དོན་རྒྱབ་སྐྱོར་བ་སོགས་མཉམ་ཞུགས་གནང་འདུག

སྐབས་དེར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས་བསྒྲགས་གཏམ་སྙན་སྒྲོན་ཞུས་པའི་ནང་རྒྱ་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་བོད་ནང་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁྲོད་ད་ལྟའི་ཆར་བོད་ལ་མཚོན་ན་འཛམ་གླིང་ནང་རང་དབང་ཆུང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་གི་ཡོད་པར་མངོན་གསལ་དང་འབྲེལ། རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་བོད་པའི་བྱིས་པ་རྣམས་བཙན་དབང་གིས་བཅུག་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དང་། བོད་མིའི་རིགས་རྫས་བསྡུ་རུབ་བྱས་ཏེ་བོད་མིར་དམ་བསྒྲགས་སྔར་ལྷག་བྱེད་བཞིན་པ་རྣམས་ཐེར་འདོན། ཀུན་གཟིགས་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་བཅའ་སྡོད་སློབ་གྲྭ་སོགས་ཀྱི་ཆེས་གདུག་རྩུབ་ཅན་གྱི་ལས་གཞི་རྣམས་འཕྲལ་མར་མཚམས་འཇོག་ཡོང་ཐབས་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Volker Turk ལགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་འོས་འདེམས་གནང་སྐབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་ངོ་ཚབ་ལ་རྒྱབ་སྐྱོབ་མ་གནང་རོགས་ཞེས་རེ་སྐུལ་གནང་འདུག་པ་དང་། རྒྱ་ནག་དེ་ཉིད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འོས་འདེམས་འབྱུང་ཚེ་དེས་ལྷན་ཚོགས་ཀྱི་བརྩི་མཐོང་དང་གདེང་འཇོག་ལ་གནོད་འཚེ་བཟོ་ངེས་ཡིན་སྐོར་འགྲེལ་བརྗོད་གནང་འདུག

ལྷག་དོན་བསྒྲགས་གཏམ་དེའི་ནང་ད་དུང་དེ་སྔ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་རྒྱ་གཞུང་གིས་བོད་ཀྱི་བྱིས་པ་རྣམས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་ཤེད་ཀྱིས་སློབ་འཇུག་བྱེད་མུས་དང་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ཀྱིས་ཀྱང་སྐྱོན་བརྗོད་གནང་ཡོད་སྐོར་དྲན་སྐུལ་གནང་བ་དང་ཆབས་ཅིག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་བོད་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་མངོན་གསལ་གནང་དགོས་པ་སོགས་ཀྱི་ཞུ་འབོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།